མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་རྒྱུའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས7ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་པ་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་གཉིས་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་ཉེར་གཉིས་པ་བསྡུས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་རང་དབང་ཉོ་ཚོང་གི་གྲོས་ཆོད་མྱུར་དུ་འགོད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

གསལ་སྒྲོག་གི་ནང་དོན་ལས་བལྟས་ན། ཐེངས་འདིའི་ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་མཐོ་རིམ་གྲོས་ཚོགས་དེ་གཙོ་བོ་དཔལ་འབྱོར་གླེང་གཞིར་འབྲེལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསལ་སྒྲོག་ལས་ཕྱོགས་གཉིས་ཀྱིས་དངོས་ཟོང་ཉོ་ཚོང་ཚོང་རའི་ཞུགས་ཚད་ཐད་ནས་གྲུབ་འབྲས་བླངས་པར་དགའ་བསུ་ཞུས་པར་མ་ཟད། ཕྱོགས་གཉིས་ཀྱིས་བརྟན་འཇགས་ངང་ཉོ་ཚོང་ཁྱབ་ཁོངས་གཞན་པའི་ཚོང་རའི་ཞུགས་ཚད་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། དངོས་ཟོང་ཉོ་ཚོང་ཁྱབ་ཁོངས་ནས་འཇར་པན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རླངས་འཁོར་དང་བརྙན་འཕྲིན་གྱི་ཕྱིར་གཏོང་ཇེ་མང་དུ་གཏོང་བའི་རེ་བ་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཇར་པན་གྱི་རྒུན་ཆང་དང་ཆུར་བ་སོགས་ཀྱི་ཕྱིར་གཏོང་ཇེ་མང་དུ་གཏོང་བར་རེ་བ་བྱས་ཡོད་པར་མ་ཟད། འཇར་པན་གྱིས་རྒྱལ་ནང་གི་ཁྲིམས་འཛུགས་ལ་བཟོ་བཅོས་བྱས་ཏེ་དངོས་ཟོང་དེ་དག་གི་སྒོ་ཁྲལ་མ་ཡིན་པའི་བཀག་རྒྱ་སེལ་དགོས་པའི་རེ་བ་བཏོན།

ཉིན་དེར་གྲོས་མོལ་བྱས་རྗེས་ཨན་པའེ་ཅིན་སན་དང་ཧྥན་ལུང་ཕའེ། པཱ་ལོ་ཙོ་བཅས་ཀྱིས་མཉམ་དུ་གསར་འགོད་པར་སྣེ་ལེན་བྱས། ཕྱོགས་གཉིས་ཀྱིས་མ་འོངས་པར་མུ་མཐུད་དུ་རང་དབང་ཉོ་ཚོང་གྲོས་མཐུན་འགོད་པའི་གྲོས་མོལ་བྱེད་པར་རེ་བ་ཆེན་པོ་བཅངས་ཡོད་པའི་ཚུལ་བསྟན།

ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནི་ཨན་པའེ་ཅིན་སན་གྱི་ཐེངས་འདིའི་ཡོ་རོབ་གླིང་འགྲུལ་བཞུད་ཀྱི་ཆེས་མཇུག་མཐའི་ས་ཚིགས་ཡིན་པ་དང་། དེའི་སྔོན་ལ་ཁོས་འཇར་མན་དང་དབྱིན་ཇི། ཕུའུ་ཐའོ་ཡཱ། སི་ཕན། ཧྥ་རན་སི་བཅས་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག