མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་རྒྱལ་ཡོངས་གྲོས་མོལ་ཚོགས་འདུ་ནས་དུས་ལྟར་ཙུང་ཐུང་གསར་བ་འདེམ་བསྐོ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་རྒྱལ་ཡོངས་གྲོས་མོལ་ལས་ཁུངས་ཀྱིས་ཚེས་ལྔ་ཉིན་པེ་རུ་ཐི་ནས་གྲོས་ཚོགས་བསྡུས་ཏེ། ཆབ་སྲིད་ཕྱོགས་ཁག་སོ་སོས་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་ཙུང་ཐུང་གསར་བ་འདེམ་བསྐོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་གྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་རྒྱལ་ཡོངས་གྲོས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། གྲོས་ཚོགས་ནས་ལེ་པཱ་ནུན་སྲིད་འཛིན་གནས་ཚུལ་དང་བདེ་འཇགས་གནས་བབ། ཁྱད་པར་དུ་སི་རི་ཡཱའི་ཉམས་ཉེན་ལས་ལེ་པཱ་ནུན་ལ་ཐེབས་པའི་ཤུགས་རྐྱེན་སོགས་གནད་དོན་ལ་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ནས་ལེ་པཱ་ནུན་གྱི་ཏང་ཁག་སོ་སོས་རྩ་ཁྲིམས་ཀྱི་གཏན་འཁེལ་བརྩི་སྲུང་བྱས་ཤིང་དུས་བཅད་ལྟར་ཙུང་ཐུང་འདེམ་བསྐོ་བྱས་ཏེ། ཙུང་ཐུང་གི་ལས་གནས་སྟོང་བར་ལུས་པར་སྔོན་འགོག་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ལེ་པཱ་ནུན་གྱི་ད་ལྟའི་ཙུང་ཐུང་སུའུ་ལེ་མན་གྱི་འགན་ཡུན་ཟླ་འདིའི་ཚེས་ཉེར་ལྔ་ཉིན་མཇུག་སྒྲིལ་བ་རེད།

ཐེངས་འདིའི་གྲོས་མོལ་ཚོགས་འདུ་ནས་ནན་གྱིས་བསྟན་དོན། མུ་མཐུད་དུ་རྒྱལ་ཡོངས་གྲོས་མོལ་སྤེལ་དགོས་པ་དང་། གྲོས་མོལ་དེ་ཕྱོགས་ཁག་སོ་སོའི་བར་གྱི་འགལ་བ་སེལ་བ་དང་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་པའི་ཐབས་ལམ་ཉག་ཅིག་ཏུ་བརྩིས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་ལ་ས་ཁུལ་ཉམས་ཉེན་གྱི་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར། གྲོས་ཚོགས་ལ་ཞུགས་མཁན་ཚོས་མུ་མཐུད་དུ་རྒྱལ་ཁབ་ཀྱི་འགོག་སྲུང་འཐབ་ཇུས་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་པར་གཅིག་གྱུར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག