མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་རི་ནེ་ཝའི་གྲོས་མོལ་སྐོར་ཐེངས་གཉིས་པ་སྤེལ་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་བཞི་ཉིན་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ནས་རི་ནེ་ཝའི་གྲོས་མོལ་སྐོར་ཐེངས་གཉིས་པ་སྤེལ་ཏེ། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྲི་ཐེ་ཡུན་མེད་ཨར་གྱིས་འཇར་མན་བརྙན་འཕྲིན་ཁང་དང་པོས་ཉིན་དེར་བཏང་བའི་བཅའ་འདྲིའི་ནང་བཤད་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་རྒྱུན་ཆད་མེད་པར་དམིགས་ཏེ་ཕྱོགས་སོ་སོས་སྐོར་ཐེངས་གཉིས་པའི་རི་ནེ་ཝའི་གྲོས་མོལ་སྤེལ་ཏེ། མཇུག་མཐར་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་པའི་གྲོས་མཐུན་འགོད་དགོས་ཟེར། ཁོས་དོན་དེའི་ཐད་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་བཅས་བར་གྲོས་བསྡུར་བྱས་ཡོད་ཟེར།

ཧྲི་ཐེ་ཡུན་མེད་ཨར་གྱིས་བཤད་རྒྱུར། ཨོ་ཏི་སཱའི་འཁྲུག་རྩོད་ཀྱིས་མི་ཚང་མར་ཉེན་བརྡ་བཏང་བ་དང་། ཕྱོགས་སོ་སོས་རི་ནེ་ཝའི་གྲོས་མཐུན་འགོད་པའི་གྲོས་གཞི་བསྐྱར་དུ་འདོན་དགོས་པ་ལས་བྱེད་ཐབས་གཞན་པ་ནི་འགན་མི་ཁུར་བའི་བྱ་སྤྱོད་ཅིག་ཡིན་ལ། དེས་སྔར་ལས་མང་བའི་མིའི་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད་ཟེར།

ཁོས་ས་གནས་རང་བཞིན་གྱི་སྒོར་ཅོག་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱི་གྲོང་ཁྱེར་སོ་སོའི་འཁྲུག་རྩོད་རིམ་བཞིན་ཞི་འཇགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན། ཧྲི་ཐེ་ཡུན་མེད་ཨར་གྱིས་ད་རུང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག