མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་ནས་བཀག་འཇུག་བྱས་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མི་སྣ་ཕྱིར་བཏང་བར་དགའ་བསུ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་བཀག་འཇུག་བྱས་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་ཉིན་དེར་ཕྱིར་བཏང་བར་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཨུ་རུ་སི་དང་བཅས་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མི་སྣ་ཕྱིར་གཏོང་བར་རོགས་རམ་བྱས་པའི་ཕྱོགས་སོ་སོར་བཀའ་དྲིན་ཞུ་པར་མ་ཟད། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མི་སྣ་བཀག་འཇུག་བྱས་པ་དང་མུ་མཐུད་དུ་ས་ཁུལ་དེར་རིགས་དེ་མཚུངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལག་བསྟར་བྱེད་པར་འགན་འཁྲི་རྩད་གཅོད་བྱེད་དགོས་པ་ནན་བཤད་བྱས། ཁོས་ཝུའུ་ཁི་ལན་མངའ་ཁོངས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་ལས་བྱེད་མི་སྣས་ངེས་པར་དུ་བཀག་རྒྱ་མི་ཐེབས་པར་འགན་ནུས་ལག་བསྟར་བྱེད་དགོས་པ་བསྐྱར་སྒྲོག་བྱས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་མི་སྣ་དེ་དག་གི་འགུལ་སྐྱོད་རང་དབང་དང་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ད་རུང་ཉེ་སྔོན་ཝུའུ་ཁི་ལན་གྱི་ཨོ་ཏི་སཱ་གྲོང་ཁྱེར་ནས་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ་མི་སྣ་ཤི་རྨས་བྱུང་བར་ཡིད་སྐྱོ་བའི་བསམ་ཚུལ་བསྟན། ཁོས་ཤི་བོའི་ཁྱིམ་མིར་འཚམས་འདྲི་བྱས་པར་མ་ཟད། རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་དང་། ཞོར་དུ་མྱུར་མོར་དོན་རྐྱེན་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཆབ་སྲིད་དང་ཕྱི་འབྲེལ་ལ་བརྟེན་པའི་ཐག་གཅོད་ཇུས་གཞི་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་ཡང་བསྐྱར་ནན་བཤད་བྱས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོ་དང་ས་ཁུལ་གྱི་གནས་བབ་ལ་ཤུགས་རྐྱེན་བཟོ་བའི་ཕྱོགས་ཁག་སོ་སོས་འགན་འཁྲི་དང་ལེན་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བ་དང་འཁྲུག་རྩོད་མཇུག་སྒྲིལ་བར་ནུས་པ་གལ་ཆེན་བཏོན་ནས། ཡུན་རིང་ཞི་བདེ་འབྱུང་བའི་ཐག་གཅོད་ཇུས་གཞི་འགོད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ནན་གྱིས་བསྟན་དོན། ཕྱོགས་སོ་སོས་ངེས་པར་དུ་ཝུའུ་ཁི་ལན་གྱི་གཅིག་གྱུར་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ཟེར།

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཏོན་པཱ་སི་རང་སྲུང་རུ་ཁག་གིས་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ཏོན་ནེ་ཚི་ཁི་ཀྲིག་གི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཉེ་འདབས་ནས་ཝུའུ་ཁི་ལན་གྱི་དམག་མི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་དོན་ཞིབ་བཤེར་མི་སྣ་བཀག་འཇུག་བྱས།

ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས། ཨུ་རུ་སིའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ་ལུའུ་ཅིན་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ནས་བཀག་འཇུག་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་དོན་ཞིབ་བཤེར་མི་སྣ་ཕྱིར་བཏང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག