མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་ཉམས་ཉེན་གྱི་ཕྱོགས་ཁག་སོ་སོས་སྔར་ལས་ལྷག་པའི་ཁྲག་བཞུར་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:15

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གཉིས་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཝུའུ་ཁི་ལན་ཉམས་ཉེན་གྱི་ཕྱོགས་ཁག་སོ་སོས་ཚད་ཆེན་པོས་རང་ཚོད་བཟུང་སྟེ། སྔར་ལས་ལྷག་པའི་ཁྲག་བཞུར་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་བཞིན་ཡོད། བསྒྲགས་པའི་གནས་ཚུལ་ལས་ཝུའུ་ཁི་ལན་གྱི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ནས་མི་སྣའི་ཤི་རྨས་དོན་རྐྱེན་བྱུང་བར་བཤད་པ་ལས་གནས་ཚུལ་སྔར་ལས་ཉེན་ཁ་ཅན་དུ་འགྱུར་བཞིན་པ་མཚོན་ལ། དམག་དོན་མི་སྣའི་འགུལ་སྐྱོད་ཇེ་མང་དུ་སོང་བ་དང་སྤྱི་བའི་ཐོག་ཁང་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཚོགས་ཁག་གིས་བཙན་བཟུང་བྱས་པ་སོགས་ལས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་རི་ནེ་ཝ་ནས་བཀོད་པའི་ཡིག་ཆའི་དགོངས་དོན་ལག་ལེན་དུ་བསྟར་བར་བར་ཆད་བཟོ་བཞིན་ཡོད་ཟེར། ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཡང་བསྐྱར་འབྲེལ་ཡོད་ཕྱོགས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་བྱས་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམག་དོན་ཞིབ་བཤེར་མི་སྣ་དང་ཝུའུ་ཁི་ལན་གྱི་དམག་ཕྱོགས་མི་སྣ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཕྱི་འབྲེལ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པ་དང་། ཕྱོགས་སོ་སོས་ལྡབ་འགྱུར་གྱིས་འབད་བརྩོན་བྱས་ཏེ་རི་ནེ་ཝའི་གྲོས་མོལ་དགོངས་དོན་ལག་ལེན་བྱེད་དགོས་ཟེར།

ཨུ་རུ་སིའི་འཐུས་མིའི་རེ་བ་བཏོན་པ་ལྟར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་གཉིས་ཉིན་གྱི་ཉིན་གུང་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཧྥེ་ཨར་ཐི་མན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། ཉེ་བའི་ཉིན་འགའི་རིང་གི་གནས་བབ་འཕེལ་རྒྱས་ལས་ཝུའུ་ཁི་ལན་དང་ས་ཁུལ་དེར་སྔར་ལས་ལྷག་པའི་ཟིང་འཁྲུག་གི་ཉེན་ཁ་བཟོས་ཡོད། ཕན་ཅི་ཝུན་གྱིས་མངག་གཏོང་བྱས་པ་ལྟར། ཁོ་གཟའ་འཁོར་རྗེས་མར་ཨུ་རུ་སི་དང་ཝུའུ་ཁི་ལན་དུ་སོང་ནས་། མཐོ་རིམ་དཔོན་རིགས་དང་རྒྱལ་སྤྱིའི་གྲོགས་པོར་གྲོས་མོལ་བྱས་ཏེ། གནས་བབ་ཞིག་འཇགས་སུ་གཏོང་བ་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་གྱི་ཞོགས་པར་ཤར་ཕྱོགས་ཀྱི་སི་ལཱ་ཝེ་དབྱང་སི་ཁི་ལ་དཔུང་འཇུག་བྱས་པ་དང་། ད་ལྟ་གྲོང་ཁྱེར་དེའི་ཉེ་འཁོར་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་བཙུགས་པའི་སོ་ལྟ་ཁང་དགུ་བཙན་བཟུང་བྱས་ཡོད། བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཕྱོགས་ཀྱི་དྲག་ཆས་གྱེན་འཕུར་གནམ་གྲུ་གཉིས་གྲོང་ཁྱེར་དེའི་རང་སྲུང་རུ་ཁག་གིས་སར་འཕངས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག