ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ལྷོ་ཕྱོགས་ཀྱི་མཚོ་ནག་འགྲམ་བརྒྱུད་ཀྱི་གྲོང་ཁྱེར་ཨོ་ཏི་སཱ་ནས་ཚེས་གཉིས་ཉིན་སྲིད་གཞུང་ལ་བློ་ཉེ་བ་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་གཉིས་བར་འཁྲུག་རྩོད་བྱུང་སྟེ། མི་ཞེ་གསུམ་རྐྱེན་ལམ་དུ་ཤོར།
ཝུའུ་ཁི་ལན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་གཉིས་ཉིན་གྱི་ཕྱི་དྲོར། སྲིད་གཞུང་ལ་བློ་ཉེ་བའི་མང་ཚོགས་སྟོང་ཕྲག་འགའ་དང་མཚོ་ནག་པ་ཞེས་པའི་རྐང་རྩེད་སྤོ་ལོའི་རོལ་རྩེད་ཁང་གི་རྐང་རྩེད་སྤོ་ལོའི་དད་མོས་མཁན་གྱིས་ཨོ་ཏི་སཱ་གྲོང་ཁྱེར་ནས་ཝུའུ་ཁི་ལན་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་པའི་ཁྲོམ་སྐོར་བྱ་འགུལ་སྤེལ། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་ཅིང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མང་ཚོགས་བརྒྱ་ཕྲག་འགའ་ཡིས་ཁྲོམ་སྐོར་རུ་དཔུང་དེར་བར་ཆད་དང་དཀྲུག་འཕེན་བྱས་པས་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བ་རེད། འཁྲུག་རྩོད་བྱེད་སྐབས་ཕྱོགས་གཉིས་ཀྱིས་དབྱུག་པ་དང་མེ་མདའ་བཀོལ་ནས་མི་སྣར་ཤི་རྨས་བཟོས་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། འཁྲུག་རྩོད་ཁྲོད་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མི་སྣ་སྐོར་ཞིག་བཟོ་ཚོགས་ཐོག་ཁང་ཆེན་མོའི་ཡང་སྟེང་དུ་བུད་ནས་འབར་སྣུམ་གྱི་དམ་བུ་སོགས་གཡུག་ནས་ཐོག་ཁང་མེར་སྒྲོན། མེ་ཤུགས་ཇེ་ཆེར་སོང་རྗེས་ཁོ་ཚོ་འབྲོ་རྩིས་བྱས་ཀྱང་། མི་བརྒྱད་ལྷུང་ནས་ཤི་བ་དང་། མི་ཉེར་གསུམ་དུད་དུག་ཕོག་ནས་ཤི་བ་རེད་ཟེར།
ཨོ་ཏི་སཱ་གྲོང་ཁྱེར་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་གསར་བ་ལྟར་ན། ཉིན་དེའི་ཕྱི་དྲོའི་འཁྲུག་རྩོད་དང་དགོང་མོའི་བཟོ་ཚོགས་ཐོག་ཁང་ཆེན་མོའི་མེ་སྐྱོན་ཁྲོད་བསྡོམས་པས་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དོན་བཞི་ལ་རྨས་ཕོག དེའི་ནང་མི་ཉེར་ལྔའི་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཡིན་ཟེར། ཨོ་ཏི་སཱ་གྲོང་ཁྱེར་སྲིད་གཞུང་གིས་ཉིན་དེར་ཚེས་གསུམ་ནས་ཚེས་ལྔ་ཉིན་བར་གྲོང་ཁྱེར་ཡོངས་ཀྱི་མྱ་ངན་ཉིན་མོང་གཏན་འཁེལ་བྱེད་རྒྱུ་ཐག་བཅད། །