མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་རག་གིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་བ་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:09

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་མི་དམངས་དང་སྲིད་གཞུང་གིས་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོ་དང་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་རྒྱལ་ཁབ་དམངས་གཙོའི་འཕེལ་རིམ་ལ་ཤུགས་སྣོན་པའི་ཆོད་སེམས་ལ་གཟེངས་བསྟོད་བྱས།

ཕན་ཅི་ཝུན་གྱིས་དབྱི་རག་གི་རང་བཙན་མཐོ་རིམ་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཀྱི་གནས་ཚུལ་ཛ་དྲག་འོག རྩ་འཛུགས་གང་ལེགས་བྱས་ཏེ་འདེམ་ཤོག་འཕེན་པའི་བྱ་བ་ཡོངས་འགྲུབ་བྱས་པར་གཟེངས་བསྟོད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་ཤུགས་ཡོད་དགུས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ་ཨུ་ཡོན་ལྷན་ཁང་གི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས། ཕན་ཅི་ཝུན་གྱིས་ད་རུང་མི་རྣམས་ཀྱིས་འདེམ་ཤོག་རྩིས་ལེན་དང་འབྲེལ་ཡོད་ཞུ་གཏུག་ཐག་གཅོད་བྱེད་སྐབས་བརྩོན་པ་ལྷུར་ལེན་བྱེད་དགོས་པའི་སྐུལ་མ་བཏང་།

དབྱི་རག་ནས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། ཐེངས་འདིའི་འདེམ་བསྐོ་ནི་ཉིས་སྟོང་གསུམ་ལོར་དབྱི་རག་གི་འཐབ་འཁྲུག་བྱུང་རྗེས་ཀྱི་གྲོས་ཁང་གི་འདེམ་བསྐོ་ཐེངས་གསུམ་པ་ཡིན་པ་དང་། ཉིས་སྟོང་བཅུ་གཅིག་ལོར་ཨ་མེ་རི་ཁའི་དམག་དཔུང་དབྱི་རག་ནས་ཕྱིར་འཐེན་བྱས་རྗེས་ཀྱི་འདེམ་བསྐོ་ཐོག་མ་རེད། སྲིད་ཏང་དང་ཆབ་སྲིད་མནའ་འབྲེལ། མི་སྒེར་གྱི་འདེམ་སྒུག་པ་བཅས་ཆབ་སྲིད་ཚོགས་ཁག་ཉིས་བརྒྱ་དང་བརྒྱད་ཅུ་དང་། འདེམ་སྒུག་མི་སྣ་སྟོང་དགུ་ལྷག་གིས་སྐབས་གསར་བའི་གྲོས་ཁང་གི་ལས་གནས་སུམ་བརྒྱ་དང་ཉེར་བརྒྱད་ལ་འགྲན་རྩོད་བྱས།

འདེམ་ཤོག་འཕེན་པའི་ཉིན་དེར། དབྱི་རག་གི་ས་ཆ་མང་བོ་ཞིག་ནས་འདེམ་ཤོག་འཕེན་ས་དང་འདེམ་དམངས་ལ་དམིགས་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་གཉིས་ལ་རྨས་ཕོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག