མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་ཆེད་དུ་འགན་འཁྲིའི་རྩད་གཅོད་ལམ་ལུགས་འཛུགས་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞི་ཨ་ཧྲི་གཉིས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་དམིགས་འབེན་ལ་གྲོས་བསྡུར་བྱས་པའི་གནས་ཚུལ་དང་བསྟུན་ནས། འགན་འཁྲིའི་རྩད་གཅོད་ལམ་ལུགས་བཙུགས་ནས་གྲུབ་འབྲས་ལ་དཔྱད་འཇོག་དང་དམིགས་འབེན་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་དགོས་ཟེར།

ཕན་ཅི་ཝུན་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་གྱི་ལྟ་རྟོག་དང་འགན་འཁྲིའི་རྩད་གཅོད་ཀྱི་རྒྱུ་རྐྱེན་ཐད་ཐད་བསྡུས་པའི་གྲོས་མོལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་གྱི་ཐིག་རིས་གསལ་བོ་ཡིན་ཞིང་། ང་ཚོར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལྟར་ན། གྲོས་རིམ་དེ་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཞིག་ཡིན་པ་དང་། དབུལ་ཕོངས་སེལ་བ་དང་སྤྱི་ཚོགས་དྲང་བདེན། ཁོར་ཡུག་གནད་དོན་སོགས་ཁྱབ་ཁོངས་དེར་འཇོག་པར་འགན་སྲུང་བྱེད་དགོས་པར་བསམ་ཡོད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། དཔྱད་འཇོག་གི་གནས་ཚུལ་དང་བླངས་པའི་གྲུབ་འབྲས་ཀྱི་ཆེད་དུ་འགན་འཁྲིའི་རྩད་གཅོད་མེད་དུ་མི་རུང་ལ། རྒྱལ་ཁབ་དང་ས་ཁུལ། འཛམ་གླིང་ཡོངས་ཀྱི་རིམ་པ་སོ་སོ་ནས་སྤེལ་དགོས་པ་དང་། སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས། དམངས་ཁྲོད་ཚོགས་ཁག སྒེར་གཉེར་སྡེ་ཁག་སོགས་འདུས་པའི་ཕྱོགས་ཁག་ཚང་མས་དམ་བཅའ་ལག་བསྟར་བྱེད་པར་རང་ཉིད་ཀྱི་འགན་འཁྲི་དང་དུ་ལེན་དགོས་ལ། ང་ཚོས་བཟོད་སྒོམ་དང་སྟོབས་ལྡན། སྤྱོད་བདེ་བའི་འགན་འཁྲིའི་རྩད་གཅོད་ཀྱི་སྒྲོམ་གཞི་ཞིག་འཛུགས་དགོས་ཟེར།

ཨ་ཧྲི་ཡིས་བཤད་རྒྱུར། ད་ལྟ་ནས་བཟུང་བྱ་བ་དེ་མགོ་རྩོམ་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་ལྟ་རྟོག་དང་འགན་འཁྲིའི་རྩད་གཅོད་ཀྱི་སྒྲོམ་གཞི་ནི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་གཏན་འབེབས་དང་ལག་བསྟར་བྱེད་པའི་གྲོས་བསྡུར་ལ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ། མཇུག་མཐར་རྒྱལ་ཁབ་ཀྱི་རིམ་པ་ནས་འཕེལ་རྒྱས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་པའི་འབྲེལ་ཡོད་སྒྲོམ་གཞི་འཛུགས་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག