མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅཱ་ལེ་པུས་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་དྲུག་པ་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 19:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ལེ་པུས་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་དྲུག་པ་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་མའོ་ཞི་ཁོའི་ཤར་ཕྱོགས་གྲོང་ཁྱེར་མེ་ལི་ཏཱ་ནས་ཚོགས་པ་དང་། མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་ལྔ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

མའོ་ཞི་ཁོའི་ཙུང་ཐུང་ནེ་ཐའོ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། མའོ་ཞི་ཁོ་ཡིས་ཅཱ་ལེ་པུས་ས་ཁུལ་གྱི་དར་རྒྱས་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་བརྩོན་རྒྱུ་བསྐྱར་སྒྲོག་བྱས། ཁོས་བསྟན་དོན་ཅཱ་ལེ་པུས་མཚོ་ནི་ཉེ་འཁོར་གྱི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་རྒྱུ་ནོར་ཡིན་ཞིང་། ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་ཐོན་ཁུངས་དང་གནས་སྐོར་ཐོན་ཁུངས་འདོན་སྤྲོད་བྱེད་ཐུབ། ཡིན་ན་ཡང་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་ཐུན་མོང་འགྲན་རྩོད་ཀྱི་འབྱུང་ཁུངས་ཀྱང་ཡིན། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་ཞན་པ་དང་། རང་བྱུང་གནོད་འཚེ་རྒྱུན་དུ་འབྱུང་བ་སོགས་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པའི་སྐབས་སུ་ཆེས་བཟང་བའི་ཐབས་ལམ་ནི་མཉམ་ལས་བྱེད་རྒྱུ་དེ་ཡིན་ཟེར།

ཅཱ་ལེ་པུས་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་མུའུ་ནེ་ལཱ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཅཱ་ལེ་པུས་རྒྱལ་ཁབ་མནའ་འབྲེལ་གྱིས་གཏན་འབེབས་བྱས་པའི་ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་འགུལ་སྐྱོད་འཆར་གཞིའི་བརྒྱ་ཆའི་དྲུག་ཅུའི་ནང་དོན་ལག་བསྟར་ཡོངས་འགྲུབ་བྱས་པ་དང་། འགུལ་སྐྱོད་འཆར་གཞི་དེའི་ཁྲོད་མཉམ་ལས་དང་འཕེལ་རྒྱས་ཀྱི་རྣམ་གྲངས་གསར་བ་ཁ་སྣོན་བྱེད་པར་བསམ་བློ་གཏོང་ངེས་ཡིན་ཟེར།

སྐབས་འདིའི་མགོ་གཙོའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཅིག་ཡིན་པ་དང་། བརྗོད་སྙིང་གཙོ་བོ་ནི་གནས་སྐོར་དང་དངུལ་གཏོང་། ཉོ་ཚོང་། འགྲིམ་འགྲུལ་སྐྱེལ་འདྲེན། གནོད་འགོག་སོགས་ཐད་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱེད་པ་དང་། ཕའེ་ཏིས་ཝུན་མཁར་གྱི་བསྒྲགས་གཏམ་ལག་བསྟར་བྱས་པའི་གནས་ཚུལ་ལ་གྲོས་ཞིབ་བྱེད་རྒྱུ་མ་ཟད། མེ་ལི་ཏཱའི་བསྒྲགས་གཏམ་ལ་གྲོས་མཐུན་འགོད་རྒྱུ་དེ་ཡིན། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ་ལ་ད་རུང་ཧེ་ཐིའི་ཙུང་ཐུང་མཱ་ཨར་ཐེ་ལེ་དང་། ཝེ་ཏི་མཱ་ལཱའི་ཙུང་ཐུང་ཕའེ་ལོས་སི། ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཁཱ་ནེ་ཨར་སོགས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག