མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སི་རི་ཡཱའི་མི་སེར་དཀྱུས་མར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 19:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སི་རི་ཡཱའི་དབུས་ཕྱོགས་ས་ཁུལ་གྱི་ཧའོ་མུའུ་སི་གྲོང་ཁྱེར་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་བ།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་ཧའོ་མུའུ་སི་གྲོང་ཁྱེར་གྱི་ཀྲ་ཧཱ་ལཱ་ས་ཁུལ་ནས་བྱུང་བའི་རླངས་འཁོར་འགས་གཏོར་དོན་རྐྱེན་དང་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་བྱུང་བའི་མེ་སྒྱོགས་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཧའོ་མུའུ་སིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སྐབས་སུ་རིགས་མཐུན་གྱི་འཇབ་རྒོལ་དོན་རྐྱེན་བྱུང་བར་ཡིད་འཕང་བའི་ཚུལ་བསྟན་པར་མ་ཟད། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་ཚོགས་པས་དེང་སྐབས་ཀྱི་ཞི་བའི་གྲོས་མོལ་ལ་གཏོར་བརླག་བྱེད་པའི་དཀྲུག་འཕེན་འདོད་བློ་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་ཁྲིམས་སྲོལ་གཏན་འཁེལ་གྱི་འགན་འཁྲི་དང་ལེན་བྱས་ཤིང་། མི་སེར་དཀྱུས་མའི་གཞིས་ཁུལ་དུ་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། ཁོས་ཞོར་དུ་རྒྱལ་སྤྱིའི་ཕྱོགས་ཁག་སོ་སོས་འགལ་བ་རང་སོར་བཞག་སྟེ་ཧུར་ཐག་སྒོས་དྲག་ཤུགས་བྱ་སྤྱོད་བཀག་འགོག་བྱས་ནས། སི་རི་ཡཱའི་འཁྲུག་རྩོད་ཐད་ནས་ཆབ་སྲིད་ཐག་གཅོད་ཇུས་གཞི་འགོད་པར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧའོ་མུའུ་སིའི་ཀྲ་ཧཱ་ལཱ་ས་ཁུལ་ནས་ཚེས་ཉེར་དགུའི་ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གྱ་ལྔ་ལ་རྨས་ཕོག ཤི་བོ་མང་ཤོས་ནི་བུད་མེད་དང་བྱིས་པ་རེད། ཉིན་དེའི་སྔ་དྲོར། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ལ་མེ་སྒྱོགས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔ་བཅུ་ལ་རྨས་ཕོག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག