མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཁི་ཨར་དང་ཨན་པའེ་ཅིན་སན་གྱིས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 19:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གཉིས་ཀྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་གྲོས་མོལ་བྱས་རྗེས་བསྟན་དོན། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། ཁོ་ཚོས་ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་རང་དབང་ཉོ་ཚོང་གྲོས་ཆོད་དང་རྒྱལ་སྤྱིའི་བདེ་འཇགས་སྲིད་ཇུས་དམིགས་སུ་བཀར་ནས་གླེང་།

མའོ་ཁི་ཨར་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱི་རང་དབང་ཉོ་ཚོང་གྲོས་ཆོད་འགོད་པར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་གྲོས་ཆོད་དེ་འགོད་ཐུབ་པར་རེ་བ་བཅངས་ཡོད་ཟེར། མའོ་ཁི་ཨར་གྱིས་ད་རུང་བཤད་རྒྱུར། ཁོ་མོས་འཇར་པན་སྲིད་གཞུང་གིས་དཔལ་འབྱོར་སླར་གསོ་བྱེད་པའི་བྱ་བ་གང་ལེགས་ཀྱིས་སྤེལ་དགོས་པའི་རེ་བ་བཏོན།

ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་བདེ་འཇགས་སྲིད་ཇུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། མའོ་ཁི་ཨར་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་མཚོ་ཇག་ལ་ཆམ་ཕབ་གཏོང་བ་སོགས་རྒྱལ་སྤྱིའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། འཇར་པན་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་སྲིད་ཇུས་ཀྱི་གནད་དོན་ཐད་ནས་དུས་བཅད་ལྟར་བསམ་འཆར་བརྗེ་རེས་བྱེད་པར་རེ་བས་ཁེངས་ཡོད་ཟེར།

ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐད་ནས་ཁོ་གཉིས་ཀྱིས་བལྟས་ན། ཨུ་རུ་སི་རྒྱལ་ཁབ་ཀྱིས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པར་འདོད། མའོ་ཁི་ཨར་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་བཀག་སྡོམ་བྱེད་ཐབས་གསར་བ་གྲ་སྒྲིག་བྱས་ཡོད་ཟེར།

ཨན་པའེ་ཅིན་སན་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་འཇར་མན་དུ་འབྱོར་ནས་ཁོའི་ཡོ་རོབ་གླིང་གི་འགྲུལ་བཞུད་མགོ་བརྩམས་པ་རེད། ཨན་པའེ་ཅིན་སན་གྱིས་གཞན་ད་རུང་དབྱིན་ཇི་དང་། ཕུའུ་ཐའོ་ཡཱ། སི་ཕན། ཧྥ་རན་སི། པུ་ལི་ཧྲི་བཅས་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག