མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕེའོ་ཅིན་ཧོས་ཀྱིས་ཧན་གོའི་དམག་ཕྱོགས་ཀྱིས་རྩ་དོན་ལྟར་དུ་ཁྲའོ་ཞན་གྱི་དམག་དོན་སྦྱོང་བརྡར་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཚེས་ཉེར་དགུའི་ཉིན་ཁྲའོ་ཞན་ཕྱེད་གླིང་ནུབ་ངོས་མཚོ་ཁོངས་ཀྱི་རྒྱལ་མཚམས་བྱང་ངོས་ཀྱི་ཁྲའོ་ཞན་ཕྱོགས་ནས་སྒྱོགས་མདེལ་འཕེན་པའི་སྦྱོང་བརྡར་སྤེལ། དོན་དེའི་ཐད་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་བསྟན་དོན། གལ་ཏེ་ཁྲའོ་ཞན་གྱི་སྒྱོགས་མདེལ་ཧན་གོའི་མཚོ་ཁོངས་སུ་ལྷུང་བའི་སྣང་ཚུལ་ཡོད་ན་ཧན་གོའི་དམག་ཕྱོགས་ཀྱིས་རྩ་དོན་ལྟར་དོན་དེ་ཐག་གཅོད་བྱེད་དགོས་ཟེར། དབྱེ་ཞིབ་པས་བལྟས་ན། ཕེའོ་ཅིན་ཧོས་ཀྱི་མཛུབ་སྟོན་དེ་ནི་གལ་ཏེ་ཁྲའོ་ཞན་གྱི་སྒྱོགས་མདེལ་ཧན་གོའི་མཚོ་ཁོངས་སུ་ལྷུང་ན་ཧན་གོའི་དམག་ཕྱོགས་ཀྱིས་ཐད་ཀར་དུ་མེ་སྒྱོགས་འཕང་ནས་རྒོལ་ལན་སྤྲོད་དགོས་པའི་རེ་བ་བཏོན་པ་ཡིན་པར་བསམ་ཡོད།

ཧན་གོའི་ཆིན་ཝ་ཐེའི་མགྲིན་ཚབ་པ་མེན་ཀིན་ཞུའུ་ཡིས་ཚེས་ཉེར་དགུའི་ཉིན་བསྟན་དོན། ཕེའོ་ཅིན་ཧོས་ཀྱིས་ཉིན་དེར་ཧན་གོའི་རྒྱལ་ཁབ་བདེ་སྲུང་ཁང་གི་དཔོན་པོ་ཅིན་ཀྲང་ཀྲུའུ་ཡི་ཁྲའོ་ཞན་གྱིས་མེ་སྒྱོགས་འཕེན་པའི་སྦྱོང་བརྡར་བྱ་འགུལ་སྤེལ་བའི་སྐོར་གྱི་སྙན་ཞུར་ཉན་རྗེས་བསྟན་དོན། གལ་ཏེ་ཁྲའོ་ཞན་གྱི་སྒྱོགས་མདེལ་ཧན་གོའི་མཚོ་ཁོངས་སུ་ལྷུང་ན། རྩ་དོན་ལྟར་ཐག་གཅོད་བྱེད་དགོས་ཟེར། ཁོ་མོས་ད་རུང་ཧན་གོའི་དམག་ཕྱོགས་ཀྱིས་ནུས་ཤུགས་ཡོད་དགུས་ས་དེའི་སྡོད་དམངས་དང་ཉ་བའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

མེན་ཀིན་ཞུའུ་ཡིས་ད་རུང་མཚམས་སྦྱོར་བྱས་ཏེ་བཤད་རྒྱུར། ཁྲའོ་ཞན་གྱིས་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ནས་བཟུང་མཚོ་ཐོག་ནས་མེ་སྒྱོགས་འཕེན་པའི་སྦྱོང་བརྡར་བྱས་པ་དང་། ཅིན་ཀྲང་ཀྲུའུ་ཡིས་ཉམས་ཉེན་དོ་དམ་ལྟེ་གནས་ནས་གནད་དོན་དེར་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཟེར།

དེའི་སྔོན་ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་འགན་ཁུར་བ་ཞིག་གིས་བསྟན་དོན། ཁྲའོ་ཞན་གྱིས་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ནས་བཟུང་ཁྲའོ་ཞན་ཕྱེད་གླིང་གི་ནུབ་ངོས་མཚོ་ཁོངས་ཀྱི་རྒྱལ་མཚམས་བྱང་ངོས་ཀྱི་ཁྲའོ་ཞན་ཕྱོགས་ནས་མེ་སྒྱོགས་འཕེན་པའི་སྦྱོང་བརྡར་བྱས་པ་དང་། མིག་སྔའི་བར་དུ་སྒྱོགས་མདེལ་ཧན་གོའི་མཚོ་ཁོངས་སུ་ལྷུང་བའི་སྣང་ཚུལ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག