མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བའི་འཇིགས་ཉེན་སེལ་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་གྲོས་ཆོད་གཅིག་ལྔ་བཞི་ཐིག་ལ་གྲོས་མཐུན་བཀོད་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱེད་པའི་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་སོ་སོར་ཡིག་ཐོག་དང་བརྙན་རིས་ཀྱི་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བའི་འཇིགས་ཉེན་སེལ་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཡིག་ཐོག་ནས་ཞུ་ཚིག་ཕུལ་ཏེ། ལོ་བཅུའི་སྔོན་ནས་གྲོས་འཆམ་བྱུང་བའི་ཚུན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་ལྔ་བཞི་ཐིག་དེ་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཁོངས་གཏོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁོས་རྒྱལ་ཁབ་དང་ཁེ་ཕན་ཕྱོགས་ཁག་ཚང་མས་གྲོས་ཆོད་ཁྲོད་ཀྱི་དམིགས་ཡུལ་སྣ་ཚོགས་ཀྱི་ཐུན་མོང་ཁས་ལེན་བསྐྱར་སྒྲོག་བྱས་ཤིང་། ནུས་ཤུགས་ཡོད་དགུས་བུ་རབས་ཚ་རྒྱུད་ལ་འཇིགས་སྐུལ་རིང་ལུགས་དང་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆའི་འཇིགས་ཉེན་ཐེབས་པར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

ཕན་ཅི་ཝུན་གྱིས་ད་རུང་ཆེད་དུ་དོན་དེར་དམིགས་ནས་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བྱས་པའི་བྱ་སྤྱོད་ལས་མི་རྣམས་ལ་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆའི་འཇིགས་ཉེན་གསལ་རྗེན་དུ་བསྟན་པར་མ་ཟད། འཇིགས་སྐུལ་ཉེས་ཅན་ལ་ཉིང་རྡུལ་མཚོན་ཆ་ཐོབ་པར་སྔོན་འགོག་བྱེད་པའི་གལ་ཆེན་རང་བཞིན་འབུར་ཐོན་དུ་བསྟན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག