མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བཞི་བཅུ་བསད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བདེན་དཔང་བྱས་དོན། དམག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་བྱང་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་གློ་བུར་གྱི་འཇབ་རྒོལ་འགུལ་སྐྱོད་སྤེལ་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཞི་བཅུ་བསད་ཟེར།

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཨོ་ལུའུ་ཁི་ལཱ་ཏི་ཡིས་བཤད་རྒྱུར། དམག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་པའོ་ཨར་ནོའུ་ཀྲིག་བྱང་ངོས་ཀྱི་པུའུ་ལན་པཱ་ལེ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་ནེ་ཀྲི་རི་ཡཱའི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པའི་ཁོངས་མི་ཡིན་པར་དོགས་པའི་དྲག་ཆས་ཉེས་ཅན་བཞི་བཅུ་བསད་པ་དང་། ཞོར་དུ་མེ་མདའ་དང་མདེལ། འགད་རྫས། གློག་རྡུལ་སྒྲིག་ཆས་སོགས་མང་བོ་གཞུང་བཞེས་བྱས་ཡོད་ལ། འཁྲུག་རྩོད་ཁྲོད་སྲིད་གཞུང་གི་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག་ཟེར།

ཨོ་ལུའུ་ཁི་ལཱ་ཏི་ཡིས་བཤད་རྒྱུར། ཉིན་གཉིས་ཀྱི་སྔོན་དམག་ཕྱོགས་ཀྱིས་ས་དེའི་ཚོང་ར་ནས་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་པ་དང་། འདྲི་གཅོད་བྱས་པ་བརྒྱུད་དྲག་ཆས་ཉེས་ཅན་དག་པུའུ་ལན་པཱ་ལེ་ས་ཁུལ་དུ་སྦས་སྐོང་བྱས་ཡོད་པ་ཤེས་པས། དམག་ཕྱོགས་ཀྱིས་དེ་མ་ཐག་འཇབ་རྒོལ་འགུལ་སྐྱོད་སྤེལ་བ་རེད་ཟེར།

མིང་བཤད་མི་འདོད་པའི་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་གིས་པུའུ་ལན་པཱ་ལེ་ས་ཁུལ་ནས་སྒར་ས་འཛུགས་རྩིས་བྱེད་སྐབས་དམག་ཕྱོགས་ཀྱིས་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། མིག་སྔར་དམག་ཕྱོགས་ཀྱིས་ས་ཁུལ་དེ་བཀག་སྡོམ་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག