མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྩིས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་ལྔ་ཉིན་ཧྥ་རན་སི་དང་འཇར་མན། དབྱི་ཐཱ་ལེ། དབྱིན་ཇི་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པར་ཁ་པར་གཏོང་སྐབས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་ཐུབ་མེད་པར་དམིགས་ཏེ། ཨ་མེ་རི་ཁས་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྩིས་ཡོད་ཟེར།

ཕོ་བྲང་དཀར་པོས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཨོ་པཱ་མཱ་ཡིས་ཉིན་དེར་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། དབྱི་ཐཱ་ལེའི་ཙུང་ལི་ལོན་ཅི། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་བ་ཅས་ལ་ཁ་པར་བཏང་སྟེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཁོ་ཚོས་བལྟས་ན་ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཕྱོགས་བཞིས་ཟླ་འདིའི་ཚེས་བཅུ་བདུན་ཉིན་རི་ནེ་ཝ་ནས་བཀོད་པའི་ཡིག་ཆར་རྒྱབ་སྐྱོར་བྱས་མེད་པར་མ་ཟད། དོན་དམ་དུ་ཉིན་རེ་བཞིན་མི་སེམས་སྡུག་ལ་སྦྱོར་བའི་གཏམ་བཤད་དང་ཝུའུ་ཁི་ལན་མཐའ་མཚམས་ས་ཁུལ་ནས་འཇིགས་སྐུལ་རང་བཞིན་གྱི་དམག་དོན་འགུལ་སྐྱོད་སྤེལ་ཏེ་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་བཞིན་ཡོད་པར་འདོད།

མགོ་ཁྲིད་པ་ལྔ་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མཉམ་ལས་བཟང་བོ་བྱས་ཏེ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་ལ་བརྟེན་ནས་ཨུ་རུ་སི་ལ་བྱེད་ཐབས་གསར་བ་སྤྱོད་པར་འཐད་པ་བྱུང་། ཁོ་ཚོས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་སྔར་བཞིན་ཞི་བའི་སྒོ་ནས་ཉམས་ཉེན་དེ་ཐག་གཅོད་བྱེད་པའི་ཐབས་ལམ་གདམ་གསེས་བྱས་ཆོག་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་མུ་མཐུད་དུ་རི་ནེ་ཝའི་ཡིག་ཆ་གཞིར་བཟུང་སྟེ་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བར་བརྩོན་བཞིན་ཡོད་ཟེར། ཁོས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་མྱུར་དུ་རྒྱལ་ཁབ་རང་གི་མི་དམངས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག