མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཞི་བའི་གྲོས་མོལ་མཚམས་བཞག་སྟེ་ཞི་བདེའི་འཕེལ་རིམ་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལོས་ཁཱ་ཐི་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། དབྱི་སི་རལ་སྲིད་གཞུང་གིས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཕྱོགས་ཁག་གཉིས་ཀྱིས་འགྲིག་མཐུན་གྲོས་མཐུན་བཀོད་པ་རྒྱུ་མཚན་དུ་བྱས་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་མཚམས་བཞག་སྟེ། དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་ལ་གཏོར་བརླག་བྱས་ཟེར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱོད་པར་བསམ་བློ་གཏོང་སྲིད་ཟེར།

ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ནང་ཁུལ་གྱི་འགྲིག་མཐུན་གྲོས་མཐུན་བཀོད་པ་ནི་ཕཱ་ལེ་སི་ཐན་ནང་ཁུལ་གྱི་དོན་ཞིག་ཡིན་པ་དང་། ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་མངོན་འགྱུར་བྱེད་པ་ནི་ཕཱ་ལེ་སི་ཐན་གྱི་ཐོག་མའི་ལས་འགན་ཡིན་པས། དབྱི་སི་རལ་གྱིས་དེ་ཁ་གཡོར་སར་བྱས་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་དམ་བཅའ་ལག་བསྟར་མ་བྱས་ན་མི་རུང་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་དབྱི་སི་རལ་ཚར་གཅོད་བྱེད་པར་དམིགས་པའི་འཇིགས་སྐུལ་རྩ་འཛུགས་ཧཱ་མཱ་སི་ཡིས་རྒྱབ་སྐྱོར་བྱེད་པའི་ཕཱ་ལེ་སི་ཐན་སྲིད་གཞུང་དང་ཞི་བའི་གྲོས་མོལ་བྱེད་མི་སྲིད་པས། ཕཱ་ལེ་སི་ཐན་ཕྱོགས་བར་གྱི་ཞི་བའི་གྲོས་མོལ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག