མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་མི་སེར་དཀྱུས་མའི་དམར་གསོད་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བཞིའི་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། གཟའ་འཁོར་སྔོན་མར་སུའུ་ཏན་ལྷོ་མའི་པིན་ཐིས་ཝུའུ་ཡི་མི་སེར་དཀྱུས་མ་ཉིས་བརྒྱ་དམར་གསོད་བཏང་བའི་དོན་རྐྱེན་ལ་ཧ་ལས་པའི་ཚུལ་བསྟན་པ་དང་། སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། གལ་ཏེ་དྲག་ཤུགས་དོན་རྐྱེན་མུ་མཐུད་དུ་བྱུང་ན་སྔར་ལས་ལྷག་པའི་བྱེད་ཐབས་སྤྱོད་པར་བསམ་བློ་གཏོང་ངེས་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་འདིའི་ཚེས་བཅུ་བཞིའི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་སུའུ་ཏན་ལྷོ་མའི་མཐུན་སྒྲིལ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་པིན་ཐིས་ཝུའུ་ནས་མི་སེར་དཀྱུས་མ་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བའི་གཞི་རྒྱ་ཆེ་བའི་དྲག་ཤུགས་བྱ་སྤྱོད་བྱུང་བར་ཧ་ལས་པའི་ཚུལ་བསྟན་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་མི་སེར་དཀྱུས་མའི་རྗེས་འདེད་དམར་གསོད་བྱས་པ་དང་། ཆོས་ལུགས་དང་སྨན་ཁང་སོགས་བདེ་འཇགས་གནས་ཡུལ་ནས་སྲོག་ཁྲིམས་བཅད་པ་དང་རླུང་འཕྲིན་ལ་བརྟེན་ནས་ཤ་འཁོན་དང་ལོག་གཡེམ་ལ་ངན་སྐུལ་བྱས་པས་རྒོལ་གཏམ་དྲག་པོ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགྲོ་སའི་ཁྱིམ་མེད་པའི་མི་ཁྲི་གཉིས་དང་སྟོང་གསུམ་གྱིས་སྔར་བཞིན་པིན་ཐིས་ཝུའུ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པའི་སྒར་སར་སྐྱབས་བཅོལ་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་བར་སེམས་ཁུར་བྱེད་བཞིན་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཐག་གཅོད་བྱེད་ཐབས་ངེས་ཅན་སྤྱོད་འདོད་ཡོད། གལ་ཏེ་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་དང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་གནས་ཚུལ་མུ་མཐུད་དུ་བྱུང་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱོད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག