མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ལག་བསྟར་ཏུང་ཧྲི་ཚོགས་པས་ཝུའུ་ཁི་ལན་གྱི་རོགས་སྐྱོར་འཆར་གཞི་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ལེ་སི་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པར་ཝུའུ་ཁི་ལན་སྲིད་གཞུང་གིས་སྤྲད་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་དངུལ་བུན་འཆར་གཞིའི་ཟུར་སྣོན་ཆ་རྐྱེན་བསྐང་དགོས་པའི་འགུལ་སྐྱོད་ཇུས་གཞི་འབྱོར་ཡོད་པ་དང་། ཚོད་དཔག་བྱས་ན་ལག་བསྟར་ཏུང་ཧྲི་ཚོགས་པས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཝུའུ་ཁི་ལན་གྱི་གྲོས་གཞི་རབ་དང་རིམ་པར་གྲོས་ཞིབ་བྱེད་རྒྱུ་རེད།

ལེ་སི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཝུའུ་ཁི་ལན་གྱིས་སྤྲད་པའི་འགུལ་སྐྱོད་ཇུས་གཞིའི་ནང་དོན་ཞིབ་མོར་གྲོས་ཞིབ་བྱེད་བཞིན་ཡོད། གལ་ཏེ་ལག་བསྟར་ཏུང་ཧྲི་ཚོགས་པས་ཆེས་མཇུག་མཐའི་རོགས་སྐྱོར་ཇུས་གཞི་ལ་ཆོག་མཆན་བཀོད་ན། ཝུའུ་ཁི་ལན་ལ་ཕྱིན་ཆད་ཀྱི་ལོ་ངོ་གཉིས་ནང་སྔོན་གྱི་འཆར་གཞི་ལྟར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་འདོན་སྤྲོད་བྱས་པའི་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་ནས་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ཀྱི་རོགས་སྐྱོར་མ་དངུལ་ཐོབ་སྲིད་པར་མ་ཟད། རྒྱལ་སྤྱིའི་རོགས་སྐྱོར་ཕྱོགས་ཁག་གཞན་པས་འདོན་སྤྲོད་བྱས་པའི་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔའི་རོགས་སྐྱོར་མ་དངུལ་ཡང་འབྱོར་སྲིད་ཟེར།

དེའི་སྔོན་ཚོད་དཔག་བྱས་པ་ལྟར་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱེད་པའི་རོགས་སྐྱོར་མ་དངུལ་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བདུན་ཡིན་པ་དང་། མིག་སྔའི་གནས་ཚུལ་ལ་བལྟས་ན་རོགས་སྐྱོར་མ་དངུལ་དེ་སྔོན་གྱི་ཚོད་དཔག་ལས་བརྒལ་སྲིད་མིན་འདྲི་སྐབས། ལེ་སི་ཡིས་བཤད་ཚུལ་དེ་ཁས་ལེན་མ་བྱས་པ་དང་། མིག་སྔའི་མ་དངུལ་གྱི་ཁ་གྲངས་དེ་ནི་ཚོད་དཔག་ཙམ་ཡིན་ལ། ཆེས་མཇུག་མཐའི་མ་དངུལ་ཁ་གྲངས་དེ་ལག་བསྟར་ཏུང་ཧྲི་ཚོགས་པས་གྲོས་མོལ་བྱས་རྗེས་ཐག་གིས་གཅོད་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག