མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ལ་སེམས་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་བཞིའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་དོན་དོན་རྐྱེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཞོར་དུ་ཕྱོགས་སོ་སོས་རི་ནེ་ཝའི་ཕྱོགས་བཞིས་བཀོད་པའི་ཡིག་ཆ་བརྩི་སྲུང་བྱས་ཏེ། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ལས་མི་སྣ་ཤི་རྨས་བྱུང་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ས་དེའི་བརྟན་འཇགས་མིན་པའི་གནས་བབ་དང་འཇིགས་དངངས་ཀྱི་སྣང་ཚུལ་ཇེ་སྡུག་ཏུ་སོང་ཡོད། ཕན་ཅི་ཝུན་གྱིས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད། དེང་སྐབས་གནད་འགག་གི་སྐབས་སུ་ཕན་ཅི་ཝུན་གྱིས་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ནས་བློས་དཔག་ཐབས་མེད་པའི་མཇུག་འབྲས་འབྱུང་སྲིད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ནན་གྱིས་བསྟན་དོན། ཕྱོགས་སོ་སོས་ངེས་པར་དུ་ཕྱོགས་བཞིའི་གྲོས་མོལ་ནས་བཀོད་པའི་ཡིག་ཆའི་ཁྲོད་ཀྱི་དམ་བཅའ་ལག་བསྟར་བྱས་ཤིང་། བྱེད་ཐབས་གང་རུང་སྤྱད་དེ་དམག་དོན་འགུལ་སྐྱོད་སྤེལ་བར་སྔོན་འགོག་བྱེད་དགོས་ཟེར། ཁོས་ད་རུང་ཕྱོགས་སོ་སོས་མྱུར་དུ་དྲག་ཤུགས་དང་འཇིགས་སྐུལ། དཀྲུག་འཕེན་བཅས་ཀྱི་བྱ་སྤྱོད་མཚམས་བཞག་སྟེ་གནས་བབ་ཞི་འཇགས་སུ་གཏོང་བར་བརྩོན་པ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག