མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་སྔོན་གཏན་འཁེལ་བྱས་པའི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་རྩིས་མེད་དུ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱིས་སྔོན་ཉིན་དེའི་དགོང་མོར་སྤེལ་བར་གཏན་འཁེལ་བྱས་པའི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་རྩིས་མེད་དུ་བཏང་ཟེར།

དབྱི་སི་རལ་གྱི་གསལ་སྒྲོག་དེ་ནི་ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་གཙོ་བོ་གཉིས་ཏེ་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ནང་ཁུལ་འགྲིག་མཐུན་བྱེད་པའི་གྲོས་མཐུན་བཀོད་པ་ཁྱབ་སྒྲོག་བྱས་རྗེས་སྤེལ་བ་རེད། ཧྥ་ཐཱ་ཧི་དང་ཧཱ་མཱ་སི་ཡིས་ཚེས་ཉེར་གསུམ་ཉིན་གཟའ་འཁོར་ལྔའི་ནང་མཉམ་འབྲེལ་སྲིད་གཞུང་འཛུགས་པར་འཐད་པ་བྱུང་བ་དང་། དེའི་རྗེས་སུ་ཕཱ་ལེ་སི་ཐན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུར་འཐད་པ་བྱུང་།

དབྱི་སི་རལ་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་བདེ་འཇགས་ནེ་ཀི་ཡིས་ཚེས་ཉེར་བཞིའི་ཉིན་གྲོས་ཚོགས་བསྡུས་ཏེ་ཧྥ་ཐཱ་ཧི་དང་ཧཱ་མཱ་སི་ཡི་འགྲིག་མཐུན་རྗེས་ཀྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་དབུ་བཞུགས་འཐུས་མི། ཁྲིམས་འཛིན་པུའུ་ཡི་དཔོན་པོ་ལེ་ཧྥུའུ་ནེ་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཆབ་སྲིད་ཕྱོགས་ཁག་གཙོ་བོ་གཉིས་ཀྱིས་འགྲིག་མཐུན་གྲོས་མཐུན་བཀོད་པ་དེས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་གཏོར་བརླག་ཐེབས་ཡོད་པ་དང་། གནས་ཚུལ་གསར་བའི་འོག་དབྱི་སི་རལ་གྱིས་ངེས་པར་དུ་ཡང་བསྐྱར་ཞི་བའི་གྲོས་མོལ་གྱི་གནས་བབ་ལ་ལྟ་ཞིབ་བྱས་ཏེ། ཕྱིན་ཆད་ཀྱི་འགུལ་སྐྱོད་ལ་བསམ་གཞིག་དང་བཀོད་སྒྲིག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག