མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལིའི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་མ་ཐོབ་པར་སེམས་ཁུར་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གསུམ་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། མཱ་ལིའི་སྲིད་གཞུང་དང་དྲག་ཆས་ཚོགས་ཁག་བར་གྱི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་མ་ཐོབ་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཕྱོགས་སོ་སོས་ཉམས་ཉེན་ཐག་གཅོད་བྱེད་པའི་ལམ་ཐིག་འཆར་ཟིན་ལ་མྱུར་དུ་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལིའི་སྲིད་གཞུང་དང་ཝ་ཅཱ་ཏུའུ་ཀུའུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ཕྱོགས་ཁག་དང་དྲག་ཆས་ཚོགས་ཁག མཱ་ལིའི་བྱང་ཕྱོགས་ཀྱི་འཇིགས་སྐུལ་རྩ་འཛུགས་བར་གྱི་འབྲེལ་ཐག་བཅད་དེ་ཆ་རྐྱེན་ཅི་ཡང་མེད་པར་གྲོས་མཐུན་དེར་ཡིད་འཐད་བྱུང་བའི་དྲག་ཆས་ཚོགས་ཁག་བཅས་ཀྱིས་མྱུར་དུ་མཱ་ལིའི་བྱང་ཕྱོགས་ཀྱི་ཚོགས་ཁག་སོ་སོར་ཁ་ཕྱོགས་པའི་བཟོད་སྒོམ་དང་ཡིད་རྟོན་རུང་བའི་གྲོས་མོལ་འཕེལ་རིམ་གྱི་ལམ་ཐིག་འཆར་གཞི་ཞིག་ལ་གྲོས་མཐུན་བཀོད་དེ། ཉམས་ཉེན་དེ་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པར་འགན་སྲུང་བྱས་ཤིང་། མཱ་ལི་རྒྱལ་ཡོངས་དུས་ཡུན་རིང་བོར་ཞི་བདེ་དང་བརྟན་འཇགས་ཡོང་བ་དང་། རྒྱལ་ཁབ་ཀྱི་རང་བཙན་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་བ་བཅས་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཱ་ལིའི་ཙུང་ཐུང་ཁའེ་ཐཱ་ཡིས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་ཁོའི་ཚབ་ཏུ་འཕེལ་རིམ་དེར་ཞུགས་པའི་གྲོས་མོལ་འཐུས་མི་ཞིག་བསྐོ་འཇོག་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཱ་ལིའི་དབང་འཛིན་ལས་ཁུངས་ཀྱིས་སྤེལ་བའི་ཡོངས་བསྒྲགས་གྲོས་ཚོགས་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མཱ་ལིའི་གནད་དོན་གྱི་དམིགས་བསལ་འཐུས་མི་ཁུང་ཏི་ཨར་སི་ཡིས་བཤད་རྒྱུར། མཱ་ལིའི་ཞི་བདེ་དང་བརྟན་འཇགས་སྲུང་འཛིན་བྱེད་པར་སྔར་བཞིན་གོ་སྐབས་ཡོད་ཀྱང་། གལ་ཏེ་འབྲེལ་ཡོད་ཕྱོགས་ཁག་སོ་སོས་འབད་བརྩོན་མི་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་མ་བྱས་ན་གོ་སྐབས་དེ་ཤོར་ངེས་རེད་ཟེར། མཱ་ལིའི་ཕྱི་འབྲེལ་བློན་ཆེན་ཏི་ཨོ་ཕུའུ་ཡིས་ཚོགས་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་འཐུས་ཚབ་ཚོགས་པའི་ཞལ་འདེབས་མ་དངུལ་ཇེ་མང་དུ་བཏང་སྟེ། འཐུས་ཚབ་ཚོགས་པ་དེས་ཕྱོགས་ཡོངས་ནས་ལས་འགན་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག