མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱི་ནེ་ཀིའི་ཁོངས་མིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་དང་དེ་ནི་ལུགས་མཐུན་གྱི་བྱ་སྤྱོད་ཅིག་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་རྒྱལ་ཁབ་ཀྱི་སྤྱི་བའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀུའུ་ཝོ་ཀོས་སི་ཡིས་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་རིམ་པ་དང་པོའི་འཐབ་འཁྲུག་ཉེས་ཅན་གྱི་དུར་བྱང་བཞག་ཡོད་སའི་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས། དེ་ནི་རྒྱལ་སྲིད་བློན་ཆེན་ཞིན་ཐིན་དབྱེ་ཞའོ་ཡིས་མཇལ་ཕྱག་བྱས་རྗེས། ད་ལོའི་དཔྱིད་ཀར་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པའི་ཨན་པའེ་ཅིན་སན་གྱི་ནེ་ཀིའི་དཔོན་རིགས་གཉིས་པ་རེད།

ཀུའུ་ཝོ་ཀོས་སི་ཡིས་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་རྗེས་གསལ་བསྒྲགས་སྤེལ་ཏེ། ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་ནི་ལུགས་དང་མཐུན་པ་ཞིག་རེད་ཟེར།

ཨན་པའེ་ཅིན་སན་གྱིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པར་སྲིད་དབང་བཟུང་བའི་ཚུན་ལ། ཀུའུ་ཝོ་ཀོས་སི་ཡིས་ན་ནིང་ཟླ་བརྒྱད་པའི་ཚེས་བཅོ་ལྔ་དང་ན་ནིང་གི་ཅིན་གོ་ལྷ་ཁང་གི་རྒྱུན་ལྡན་གྱི་དཔྱིད་ཀའི་མཆོད་འབུལ་ཆེན་མོ། སྟོན་ཁའི་མཆོད་འབུལ་ཆེན་མོ་བཅས་ཀྱི་སྐབས་སུ་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་མྱོང་།

འཇར་པན་གྱི་རྒྱལ་སྲིད་བློན་ཆེན་ཞིན་ཐིན་དབྱེ་ཞའོ་ཡིས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་རེད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧོང་ལེ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། འཇར་པན་གྱི་ནེ་ཀིའི་ཁོངས་མིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་རིམ་པ་དང་པོའི་འཐབ་འཁྲུག་ཉེས་ཅན་གྱི་དུར་བྱང་བཞག་ཡོད་སའི་ཅིན་གོ་ལྷ་ཁང་ལ་མཇལ་ཕྱག་བྱས་པ་ལས། འཇར་པན་གྱི་ད་ཡོད་ནེ་ཀི་ཡིས་ལོ་རྒྱུས་གནད་དོན་ལ་ནོར་འཁྲུལ་གྱི་རྣམ་འགྱུར་བཟུང་ཡོད་པའི་སྣང་ཚུལ་གསལ་བོར་མཚོན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་རྒོལ་གཏམ་དྲག་པོ་བཏང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག