མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡཱའི་དམག་དཔུང་གིས་རྒྱལ་སའི་ཤར་ཕྱོགས་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་བཤད་རྒྱུར། ཨར་ཅི་རི་ཡཱའི་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་རྒྱལ་ས་ཨར་ཅིར་ཤར་ཕྱོགས་ས་ཁུལ་ནས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་བཏང་ཟེར།

དམག་ཕྱོགས་ཀྱི་མི་སྣ་དེས་གསར་འགོད་པར་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱིས་ཚེས་བཅུ་དགུ་ཉིན་ཨར་ཅི་རི་ཡཱའི་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ་མི་སྣ་ཤི་རྨས་བཟོས་རྗེས། ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཨར་ཅིར་ཤར་ཕྱོགས་ཀྱི་སྤྱི་ལེ་བརྒྱའི་མཚམས་སུ་ཡོད་པའི་ཐིས་ཅི་ཝུའུ་ཙུའུ་ཞིང་ཆེན་གྱི་རི་ཁུལ་དུ་གཞི་རྒྱ་ཆེ་བའི་གཙང་བཤེར་འགུལ་སྐྱོད་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན། དམག་མི་སྟོང་གཅིག་ལྷག་ཐེངས་འདིའི་འགུལ་སྐྱོད་ལ་ཞུགས་ཡོད་པ་དང་། ཨར་ཅི་རི་ཡཱའི་མཁའ་དམག་གིས་ཉིན་དེར་ད་རུང་འཇིགས་སྐུལ་ཉེས་ཅན་འགུལ་སྐྱོད་བྱེད་སར་བར་སྣང་ནས་འཇབ་རྒོལ་ཐེངས་གཉིས་བྱས།

ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་བསྒྲགས་སྤེལ་ཏེ། དམག་མིའི་རུ་ཁག་ཅིག་གིས་ཚེས་བཅུ་དགུའི་དགོང་མོར་ཙུང་ཐུང་འདེམ་བསྐོའི་བདེ་སྲུང་ལས་འགན་ལག་བསྟར་བྱས་རྗེས་ཕྱིར་སྒར་སར་ལོག་པའི་ལམ་བར་ནས་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། དམག་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་ཕོག སྲིད་གཞུང་དམག་དཔུང་གིས་དེ་མ་ཐག་དམག་ཤུགས་ཁ་སྣོན་བྱས་ཏེ་ཉེ་འཁོར་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་བྱས་པ་དང་། འཇིགས་སྐུལ་ཉེས་ཅན་གསུམ་བསད། རྒྱལ་སྲུང་པུའུ་ཡི་གསལ་བསྒྲགས་ནང་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ཁྲོད་འཇིགས་སྐུལ་ཉེས་ཅན་གྱིས་སྔོན་ཐོན་གྱི་མཚོན་ཆ་བཀོལ་སྤྱོད་བྱས་པས། ཨར་ཅི་རི་ཡཱའི་དམག་དཔུང་ལ་ཤི་རྨས་ཚབས་ཆེན་བཟོས་པ་རེད་ཟེར།

ཨར་ཅི་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་ད་རུང་བསྟན་དོན། ཉིས་སྟོང་བཅུ་བཞི་ལོའི་དུས་ཚིགས་དང་པོར་ཨར་ཅི་རི་ཡཱའི་དམག་དཔུང་གིས་བསྡོམས་པས་འཇིགས་སྐུལ་ཉེས་ཅན་སོ་བདུན་བསད་པ་དང་། མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག