མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱ་རུ་སྡོད་པའི་ཕུའུ་ཐའོ་ཡཱའི་གཞུང་ཚབ་ཁང་ལ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱ་རུ་སྡོད་པའི་ཕུའུ་ཐའོ་ཡཱའི་གཞུང་ཚབ་ཁང་ལ་ཚེས་བཅོ་བརྒྱད་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཟེར།

ལི་པུ་ཡཱ་རུ་སྡོད་པའི་ཕུའུ་ཐའོ་ཡཱའི་གཞུང་ཚབ་མི་སྣས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ། དྲག་ཆས་མི་སྣ་དྲུག་ཙམ་ལི་པུ་ཡཱ་རུ་སྡོད་པའི་ཕུའུ་ཐའོ་ཡཱའི་གཞུང་ཚབ་ཁང་དུ་ཡོང་ནས་བདེ་སྲུང་མི་སྣ་རྨས་ཏེ་གཞུང་ཚབ་ཁང་དེའི་རླངས་འཁོར་ཞིག་འཕྲོག་རྩིས་བྱས་ཀྱང་། གནས་ཚུལ་ཤེས་ནས་དེར་ཐོན་པའི་བདེ་འཇགས་མི་སྣས་མཐར་སྐྲོད་བཏང་ཟེར།

ལི་པུ་ཡཱའི་གནས་བབ་བརྟན་འཇགས་མིན་པ་དང་། ཉེ་བའི་ཉིན་འགའི་རིང་ཕྱི་རྒྱལ་གྱི་གཞུང་ཚབ་དཔོན་པོར་འཇབ་རྒོལ་བྱེད་པའི་དོན་རྐྱེན་ཇེ་མང་དུ་སོང་ཡོད། ཟླ་འདིའི་ཚེས་བཅུ་བདུན་ཉིན། ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་དཔོན་པོ་ཞིག་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་བཙན་ཁྲིད་བྱས་པ་དང་། ཟླ་འདིའི་ཚེས་བཅོ་ལྔ་ཉིན། ལི་པུ་ཡཱ་རུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་ཨེ་ཐན་ཏི་ལེ་པའོ་ལེ་ནས་གདོང་ཁེབ་གཡོགས་པའི་དྲག་ཆས་ཉེས་ཅན་གྱི་བཙན་ཁྲིད་བྱས། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་དཔོན་པོ་ཞིག་ཏི་ལེ་པའོ་ལི་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པས་བཙན་ཁྲིད་བྱས། དེ་ལས་གཞན་ད་ལོའི་ཚུན་ལ། ལི་པུ་ཡཱ་ནས་ཧན་གོའི་ཉོ་ཚོང་དཔོན་པོ་གཅིག་དང་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་པོ་ལྔ་བཙན་ཁྲིད་བྱས་པའི་དོན་རྐྱེན་བྱུང་མྱོང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག