མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གནད་དོན་གྱི་གྲོས་མོལ་ལ་གཏོར་བརླག་བྱས་པར་སྐྱོན་འཛུགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་བའི་སྐབས་སུ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུའི་འཇིགས་སྐུལ་བ་དང་། དེ་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་ཕན་ཐོགས་མེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གི་ཁ་བརྡ་རང་བཞིན་གྱི་ལེ་ཚན་ནང་བསྟན་དོན། ཝུའུ་ཁི་ལན་གནད་དོན་ཐད་ནས་ཚོགས་ཞུགས་ཕྱོགས་བཞིས་མིག་སྔའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་གྲོས་མཐུན་བྱུང་བའི་སྐབས་སུ། །ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པར་ཁྱབ་སྒྲོག་བྱས་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་འོས་འགན་ལག་བསྟར་བྱས་པའི་གནས་ཚུལ་ལྟ་རྟོག་ནན་མོ་བྱེད་རྒྱུ་ཡིན་ཟེར། བྱ་སྤྱོད་དེ་གྲོས་མོལ་ལ་ཕན་ཐོགས་མེད་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁའི་བཤད་ཚུལ་དེ་འདྲ་དང་ལེན་བྱེད་མི་སྲིད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཁ་ཚིག་ནན་མོའི་གསལ་སྒྲོག་ཅིག་སྤེལ་ཏེ། ཨ་མེ་རི་ཁས་ཡང་བསྐྱར་ཨུ་ཚུགས་ཀྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ངོ་རྒོལ་མང་ཚོགས་ལ་དྲག་གནོན་བྱེད་པའི་བྱེད་ཐབས་ལ་དག་འབུད་བྱས་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཇེ་སྡུག་ཏུ་སོང་བའི་འགན་འཁྲི་ཨུ་རུ་སིའི་མགོར་བཞག་པར་སྐྱོན་འཛུགས་བྱས། ཨ་མེ་རི་ཁས་བཀག་སྡོམ་བྱེད་པའི་འཇིགས་སྐུལ་ཐད་ནས་བཤད་རྒྱུར། ཨ་མེ་རི་ཁའི་དཔོན་རིགས་རེ་འགས་ཨུ་རུ་སི་ལ་ཆེས་མཇུག་མཐའི་རེ་བ་བཏོན་པ་དེ་ལས་ཨ་མེ་རི་ཁས་རྒྱུན་ལྡན་གྱི་ཕྱི་འབྲེལ་དེ་བཀག་སྡོམ་འཇིགས་སྐུལ་གྱིས་ཚབ་བྱས་ཡོད་པའི་སྣང་བ་སྐྱེས་སྲིད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། རི་ནེ་ཝའི་ཕྱོགས་བཞིའི་གྲོས་མོལ་གྱི་དོན་སྙིང་ནི་ཝུའུ་ཁི་ལན་སྲིད་གཞུང་གིས་ཝུའུ་ཁི་ལན་རྒྱལ་ནང་གི་གནས་བབ་བརྟན་འཇགས་སུ་གཏོང་བའི་ཐབས་ལམ་ཉག་ཅིག་ནི་ས་ཁུལ་སོ་སོས་གྲོས་མོལ་བྱེད་པ་དང་། བཟོད་སྒོམ་དང་མངོན་གསལ། འགན་ཁུར་བའི་རྩ་ཁྲིམས་བཅོས་བསྒྱུར་བྱ་བ་ལག་བསྟར་བྱེད་རྒྱུ་དེ་ཡིན་པའི་བརྡ་གསལ་བོ་གཏོང་བ་དེ་ཡིན་ཟེར།

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བའི་གནས་ཚུལ་འོག ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་སུའེ་ཙེར་གྱི་རི་ནེ་ཝ་ནས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་ཏེ། ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས། ཚོགས་ཞུགས་ཕྱོགས་ཁག་བཞི་ཡིས་ཡིག་ཆ་ཞིག་ལ་གྲོས་མཐུན་བཀོད་དེ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་རིམ་བཞིན་ཞི་འཇགས་སུ་བཏང་སྟེ། ཝུའུ་ཁི་ལན་གྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་པར་འཐད་པ་བྱུང་། ཡིན་ན་ཡང་ཨ་མེ་རི་ཁའི་དཔོན་རིགས་མང་བོས་དེའི་སྔོན་བསྟན་དོན། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་སྤྱོད་པར་གྲ་སྒྲིག་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག