མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སུའེ་ཙེར་གྱི་རི་ནེ་ཝ་ནས་སྤེལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཚེས་བཅུ་བདུན་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སྤེལ་མགོ་བརྩམས་ཏེ། ཕྱི་འབྲེལ་དང་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཅུ་བདུན་ཉིན་གྱི་ཉིན་གུང་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་སུའེ་ཙེར་གྱི་རི་ནེ་ཝའི་གླིང་ཆེན་ཆང་ཁང་ཆེན་མོར་མགོ་བརྩམས། གྲོས་མོལ་ལ་ཞུགས་པའི་ཕྱོགས་བཞིའི་འཐུས་མི་ནི་སོ་སོར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་ཅེ་ཞི་ཁྲ་བཅས་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་དོན་གཅོད་ཁང་དུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་ཚེས་བཅུ་བདུན་ཉིན་བསྟན་དོན། ཉིན་དེའི་སྔ་དྲོར་ཕྱོགས་བཞིས་ཕྱོགས་ཁག་གཉིས་ཀྱི་གྲོས་མོལ་ཐེངས་འགའ་སྤེལ་བ་དང་། དེའི་རྗེས་སུ་ཚང་འཛོམས་གྲོས་ཚོགས་དང་བྱ་བའི་གུང་ཚིགས་གསོལ་སྟོན་སྤེལ་བ་དང་། ཕྱི་དྲོར་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ་རྒྱུ་རེད་ཟེར།

ཐེངས་འདིའི་གྲོས་ཚོགས་ལ་དམིགས་ཏེ་ཝུའུ་ཁི་ལན་གྱི་གནས་སྐབས་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་རྒྱལ་ས་ཅི་ཧྥུའུ་ནས་ནེ་ཀིའི་གྲོས་ཚོགས་བསྡུས་པ་དང་། ཝུའུ་ཁི་ལན་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་བསྟན་དོན། ཝུའུ་ཁི་ལན་གྱིས་ཨུ་རུ་སི་དང་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། གྲོས་མོལ་བྱེད་སྐབས་ཕྱོགས་སོ་སོ་དང་མཉམ་དུ་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་བཟང་བོ་ཞིག་འཚོལ་ཞིབ་བྱེད་རྒྱུ་མ་ཟད། ཨུ་རུ་སིའི་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སླར་གསོ་བྱེད་པའི་རེ་བ་བཅངས་ཡོད་ཟེར།

ཝུའུ་ཁི་ལན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཅེ་ཞི་ཁྲ་ཡིས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་བསྟན་དོན། ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་གཙོ་བོ་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་དེ་ཡིན་པ་དང་། གྲོས་མོལ་བྱེད་སྐབས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་ཐད་གཏོང་ལེ་ཚན་ལས་མང་ཚོགས་ལ་འབྲེལ་འདྲིས་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་ནང་ཕན་ཚུན་བཟོད་སྒོམ་བྱེད་པར་ཡིད་འཐད་འབྱུང་བར་ཡིད་ཆེས་ཡོད་པ་དང་། རི་ནེ་ཝའི་ཕྱོགས་བཞིའི་གྲོས་མོལ་ནི་ཝུའུ་ཁི་ལན་གནད་དོན་ཐད་གྲོས་མཐུན་འགོད་པའི་གོ་སྐབས་བཟང་བོ་ཞིག་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག