མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅུ་བདུན་ཉིན་ཨན་ཁཱ་ལཱ་ནས་རྒྱལ་ཁབ་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱས།

ཉིན་དེར། ཐུར་ཁེའི་ཙུང་ལི་ཨེ་ཨར་ཏའོ་ཨན་གྱིས་འཚམས་འདྲིར་ཡོང་བའི་མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་དང་གྲོས་མོལ་བྱས། ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཆབ་སྲིད་བརྟན་འཇགས་ཡིན་པ་དང་དཔལ་འབྱོར་འཕར་ཚད་མགྱོགས་པས། འཛམ་གླིང་སྟེང་སྔར་ལས་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཐུར་ཁེ་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་དེའི་རྒྱལ་ཁབ་བར་གྱི་ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཁོས་བསྟན་དོན། ཐུར་ཁེ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཇི་ལྟར་ཡར་སྐུལ་བྱེད་པར་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར།

ནཱ་ཅི་པུའུ་ཡིས་བསྟན་དོན། རང་དབང་ཉོ་ཚོང་གྲོས་ཆོད་བཀོད་པ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་སྲིད་པ་དང་། ཁོས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་ཉིས་སྟོང་བཅོ་བརྒྱད་ལོར་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ནས་ཐེར་འབུམ་ལྔ་རུ་ཇེ་མཐོར་གཏོང་ཐུབ་པར་རེ་བས་ཁེངས་ཡོད་ཟེར།

ནཱ་ཅི་པུའུ་ཡིས་ཚེས་བཅུ་དྲུག་ཉིན་ནས་བཟུང་ཐུར་ཁེ་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས་རང་དབང་ཉོ་ཚོང་གྲོས་ཆོད་དང་བཅས་པའི་མཉམ་ལས་གྲོས་མཐུན་སྐོར་ཞིག་བཀོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་རེ་བ་ཆེན་པོ་བཅངས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག