མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ནས་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་གྲོས་མཐུན་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་རི་ནེ་ཝ་ནས་གྲོལ། གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁ་དང་། ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཕྱོགས་བཞི་ཡིས་ཡིག་ཆ་ཞིག་ལ་གྲོས་མཐུན་བཀོད་དེ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཝུའུ་ཁི་ལན་གྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་པར་འཐད་པ་བྱུང་།

ཉིན་དེའི་དགོང་མོར་གྲོས་མོལ་ལ་ཞུགས་པའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་སོ་སོར་རི་ནེ་ཝའི་གླིང་ཆེན་ཆང་ཁང་ཆེན་མོ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། གྲོས་ཞུགས་མཁན་གྱིས་བཀོད་པའི་ཡིག་ཆའི་ནང་ཝུའུ་ཁི་ལན་ནས་རྣམ་པ་གང་རུང་གི་དྲག་ཤུགས་དང་དཀྲུག་འཕེན་བྱ་སྤྱོད་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། གྲོས་ཞུགས་ཕྱོགས་ཁག་སོ་སོས་ཝུའུ་ཁི་ལན་མངའ་ཁོངས་ཀྱི་རྣམ་པ་གང་རུང་གི་ཐལ་སྤྱོད་རིང་ལུགས་དང་རིགས་རྒྱུད་རིང་ལུགས། ཆོས་ལུགས་བར་གྱི་འགལ་བ་བཅས་ལ་རྒོལ་གཏམ་དྲག་པོ་བཏང་། གྲོས་ཞུགས་ཕྱོགས་ཁག་སོ་སོས་ཁྲིམས་འགལ་རྩ་འཛུགས་ཚང་མའི་མཚོན་ཆ་ལེན་པར་འཐད་པ་བྱུང་བ་དང་། མི་རྣམས་ཁྲིམས་འགལ་གྱིས་བདག་བཟུང་བྱས་པའི་མི་སྒེར་དང་སྤྱི་བའི་གནས་ནས་ཕྱིར་འཐེན་བྱེད་དགོས་པ་དང་། ཁྲིམས་འགལ་གྱིས་བཙན་བཟུང་བྱས་པའི་གནས་ནས་རང་འགུལ་གྱིས་ཕྱིར་འཐེན་བྱེད་པ་དང་རང་འགུལ་གྱིས་མཚོན་ཆ་གཞུང་ལ་སྤྲོད་མཁན་དག་སྲོག་ཐར་ལ་གཏོང་ངེས་པའི་འབོད་སྐུལ་བཏང་། ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་ཁག་གིས་ཝུའུ་ཁི་ལན་སྲིད་གཞུང་དང་ས་གནས་གཞིས་ཁུལ་གྱིས་བྱེ་བྲག་གི་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་རོགས་རམ་བྱེད་རྒྱུ་རེད། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི་བཅས་ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

གྲོས་མོལ་ལ་ཞུགས་པའི་ཕྱོགས་ཁག་བཞིས་བལྟས་ན། ཝུའུ་ཁི་ལན་གྱི་རྩ་ཁྲིམས་བཅོས་བསྒྱུར་འཕེལ་རིམ་ལ་བཟོད་སྒོམ་རང་བཞིན་དང་མངོན་གསལ་རང་བཞིན། འདྲི་རྟོགས་བྱས་ཆོག་པའི་རང་བཞིན་བཅས་ལྡན་པ་དང་། ཝུའུ་ཁི་ལན་གྱི་ས་ཁུལ་སོ་སོ་དང་ཆབ་སྲིད་རྩ་འཛུགས་སོ་སོས་མྱུར་དུ་རྒྱལ་ཡོངས་རང་བཞིན་གྱི་གྲོས་མོལ་བསྡུ་དགོས་པ་དང་། མང་ཚོགས་ཀྱིས་འཕེལ་རིམ་དེའི་ནང་བསམ་འཆར་དང་བཅོས་བསྒྱུར་གྲོས་གཞི་བཏོན་ཆོག་པར་འདོད།

ཕྱོགས་བཞི་ཡིས་ཝུའུ་ཁི་ལན་གྱི་དཔལ་འབྱོར་དང་དངུལ་ལོར་བརྟན་འཇགས་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། གོང་གི་བྱེ་བྲག་གི་བྱེད་ཐབས་དངོས་འབེབ་བྱེད་པའི་ཐད་མུ་མཐུད་དུ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག