མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་སྒར་སར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་བདུན་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་སྒར་སར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཆེད་མངག་ཚོགས་པའི་སྒར་སའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པས་སུའུ་ཏན་ལྷོ་མའི་ཆོང་ལེ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་པའོ་ཨར་དུ་བཙུགས་ཡོད་པའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་སྒར་སར་ཉིན་དེར་འཇབ་རྒོལ་ཐེབས། ཕན་ཅི་ཝུན་གྱིས་དོན་དེར་རྒོལ་གཏམ་དྲག་པོ་བཏང་། ཕན་ཅི་ཝུན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་སྒར་སར་དམིགས་པའི་འཇབ་རྒོལ་དེ་ནི་གནས་ཚུལ་ཚབས་ཆེན་ཞིག་ཡིན་པ་དང་། སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣ་གང་རུང་ལ་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ཚང་མ་འཐབ་འཁྲུག་ནག་ཉེས་སུ་གྲུབ་ཡོད་པས་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པའི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། རྨས་མ་རྣམས་ལ་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཁས་ལེན་བྱས། ཕན་ཅི་ཝུན་གྱིས་སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་མྱུར་དུ་བྱེད་ཐབས་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པའི་སྒར་ས་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ཞོར་དུ་ད་རུང་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་སྟེ། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་གཏམ་སྤྱོད་གང་རུང་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་ཆེད་མངག་ཚོགས་པས་ཚེས་བཅུ་བདུན་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། དྲག་ཆས་ཉེས་ཅན་སྐོར་ཞིག་ཉིན་དེར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་མཁན་དུ་བརྫུས་ཏེ་ཆེད་མངག་ཚོགས་པའི་སྒར་སར་རེ་འདོད་ཡི་གེ་སྤྲོད་པར་ཡོང་། ནང་དུ་ཐོན་རྗེས་དེ་མ་ཐག་འགྲོ་སའི་ཁྱིམ་མེད་པར་གནས་དེར་འགེབ་སྲུང་རེ་བའི་མི་རྣམས་ལ་མེ་མདས་བརྒྱབ་སྟེ། མི་སེར་དཀྱུས་མ་བཅུ་ཕྲག་ལྷག་ལ་རྨས་ཕོག་པ་དང་། རྨས་ཕོག་པའི་ཞི་བདེ་སྲུང་སྐྱོབ་མི་སྣས་དྲག་ཆས་མི་སྣ་རྣམས་མཐར་སྐྲོད་བཏང་། ཆེད་མངག་ཚོགས་པས་ཤི་རྨས་གནས་ཚུལ་ལ་དཔྱད་ཞིབ་བྱས་རྗེས་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱེད་རྒྱུ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག