མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་རིགས་རྒྱུད་དམར་གསོད་བྱ་སྤྱོད་སྔོན་འགོག་དང་དེར་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས16ཉིན་གྲོས་ཆོད་ལ་གྲོས་མཐུན་བཀོད་དེ། རྒྱལ་ཁབ་སོ་སོས་རིགས་རྒྱུད་དམར་གསོད་བྱ་སྤྱོད་སྔོན་འགོག་དང་དེར་ཆམ་ཕབ་གཏོང་བར་ཁས་ལེན་བྱེད་དུ་བཅུག་པར་མ་ཟད། འབྲེལ་ཡོད་ཉེན་ཟོན་ནང་རྐྱེན་གྱི་མཉམ་ལས་ལ་ཤུགས་སྣོན་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་རིགས་རྒྱུད་དམར་གསོད་བྱ་སྤྱོད་སྔོན་འགོག་དང་དེར་ཆམ་ཕབ་གཏོང་བའི་ཐད་ནས་གྲོས་ཚོགས་བསྡུས་ཏེ་གྲོས་མཐུན་བཀོད། གྲོས་ཆོད་ལས་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བཞི་བའི་ཚེས་དྲུག་ཉིན་ནས་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་བར། རུ་ཝང་ཏཱའི་མངའ་ཁོངས་སུ་ཐུའུ་ཞི་རིགས་ཀྱི་མང་ཚོགས་ལ་རིགས་རྒྱུད་དམར་གསོད་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་དང་། དེའི་ནང་ནག་ཉེས་བྱ་སྤྱོད་དེར་ངོ་རྒོལ་བྱེད་པའི་ཧུའུ་ཐུའུ་རིགས་ཀྱི་མི་སོགས་མི་གཞན་པ་ཡང་ཡོད་ཟེར།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནག་ཉེས་བྱ་སྤྱོད་དེར་མཐའ་གཅིག་ཏུ་རྒོལ་གཏམ་གཏོང་བཞིན་ཡོད་པར་མ་ཟད། ཁོངས་གཏོགས་རྒྱལ་ཁབ་དག་གིས་སློབ་གསོའི་ཇུས་གཞི་གཏན་འབེབས་བྱས་ཏེ་རྗེས་རབས་པ་རྣམས་ལ་རིགས་རྒྱུད་དམར་གསོད་ཀྱི་སློབ་གསོ་བཏང་སྟེ། ནག་ཉེས་བྱ་སྤྱོད་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། རྒྱལ་ཁབ་ཚང་མས་རུ་ཝང་ཏཱའི་གནད་དོན་གྱི་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་གཞོགས་འདེགས་བྱས་ཏེ་རིགས་རྒྱུད་དམར་གསོད་ཀྱི་ནག་ཉེས་བཟོ་མཁན་གྱི་ཉེས་ཅན་དགུ་འཛིན་བཟུང་དང་ཞུ་གཏུག་བྱེད་དགོས་པའི་སྐུལ་མ་བཏང་།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ད་ཡོད་ཀྱི་རིགས་རྒྱུད་དམར་གསོད་དང་རྒྱལ་སྤྱིའི་ནག་ཉེས་གཞན་པ་སྔོན་འགོག་བྱེད་པའི་ཉེན་ཟོན་ནང་རྐྱེན་བར་གྱི་རོགས་ལས་ལ་ཤུགས་སྣོན་བྱེད་པར་འགན་སྲུང་བྱས་ཏེ། ཛ་དྲག་གི་གནས་བབ་ཀྱི་འབྱུང་རྐྱེན་དང་ཉེན་ཁའི་གནས་ལ་རྟོག་ཞིབ་དང་དཔྱད་འཇོག ཐག་གཅོད་གང་ལེགས་བྱས་ཏེ་སྟོབས་ཤུགས་ཞན་པའི་ཚོགས་ཁག་གསལ་འབྱེད་བྱེད་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར། རུ་ཝང་ཏཱའི་རིགས་རྒྱུད་དམར་གསོད་ཀྱིས་མཚོ་ཆེན་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་དང་། ལོ་ཉི་ཤུ་འགོར་བའི་རྗེས་སུའང་ས་ཁུལ་དེར་སྔར་བཞིན་ནག་ཉེས་དེར་འབྲེལ་བའི་གནས་ཚུལ་འབྱུང་བཞིན་ཡོད་ཟེར།

ཨེ་ལེ་ཡཱ་སུང་གིས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རིགས་རྒྱུད་དམར་གསོད་ཀྱི་ནག་ཉེས་བྱ་སྤྱོད་སྔོན་འགོག་བྱེད་པའི་ཐད་འགན་འཁྲི་གཙོ་བོ་ཁུར་ཡོད་པས། ཁྲིམས་མཐུན་དང་འགན་ཁུར་བ། བཟོད་སྒོམ། ཡིད་རྟོན་རུང་བའི་རྒྱལ་ཁབ་ལས་ཁུངས་བཙུགས་ཏེ། མཐོང་ཆུང་མེད་པའི་སྒོ་ནས་ཁྲིམས་སྐྱོང་དང་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པར་འགན་སྲུང་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག