མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་དེའི་ཤར་ལྷོའི་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཅི་ཧྥུའུ་དབང་འཛིན་ལས་ཁུངས་ཀྱིས་དམག་དོན་འགུལ་སྐྱོད་སྤེལ་བ་དང་བསྟུན་ནས་སྔར་ལས་ཇེ་སྡུག་ཏུ་གྱུར་བའི་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱི་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་རྒོལ་གཏམ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

ཉིན་དེར་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཨུ་རུ་སི་དཀར་པོ་དང་ཧཱ་སག་སི་ཐན་གྱི་ཙུང་ལི་གཉིས་ལ་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་ནང་འཁྲུག་གི་མཐའ་རུ་གནས་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཐབས་ཇུས་མཁན་ལ་རྒྱལ་ནང་གི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་བློ་གྲོས་ལྡན་པར་རེ་ལྟོས་བྱས་ཡོད་ཟེར། ཁོས་བསྟན་དོན། ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་ཆེད། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཐད་ཆ་རྐྱེན་བསྐྲུན་པ་དང་མང་ཚོགས་ཡོངས་དང་གྲོས་མོལ་བྱེད་པའི་ཞོར་དུ་རྒྱལ་ནང་གི་མི་རིགས་སོ་སོའི་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་འགྲོ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་སྐྱོང་བཅས་ཀྱི་གནད་དོན་གྱི་ཚབ་བྱེད་འཐུས་མི་ཏའོ་ཨར་ཀི་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་ཤར་ཕྱོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ་མི་སྣར་ཤི་རྨས་བཟོས་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་མི་ལེགས་པ་དེས་ཝུའུ་ཁི་ལན་གྱི་གནས་བབ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཟེར།

ཙུང་ཐུང་གི་ཚབ་ཏུ་ལས་འགན་ལག་བསྟར་བྱེད་བཞིན་པའི་ཝུའུ་ཁི་ལན་གྱི་གྲོས་དཔོན་ཐུའུ་ཨར་ཅི་ནོའུ་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་གྲོས་ཁང་གི་གྲོས་ཚོགས་སྟེང་ཁྱབ་བསྒྲགས་བྱས་དོན། ཝུའུ་ཁི་ལན་གྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཏོན་ནེ་ཚི་ཁི་ཀྲིག་བྱང་ཕྱོགས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཟེར། ཨུ་རུ་སིའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེར་ཏོན་ནེ་ཚི་ཁི་ཀྲིག་གི་ལཱ་མཱ་ཐའོ་ཨར་སི་ཁི་གྲོང་ཁྱེར་ནས་འགུལ་སྐྱོད་སྤེལ་ཏེ་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག