མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་ལི་པུ་ཡཱ་རུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱ་རུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་ཆེན་མོའི་རླངས་འཁོར་ལ་ཉིན་དེར་འཇབ་རྒོལ་ཐེབས་པ་དང་གཞུང་ཚབ་ཆེན་མོ་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། གཞུང་ཚབ་ཆེན་མོ་མྱུར་དུ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་བཟོ་མཁན་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པུ་ཡཱའི་སྲིད་གཞུང་གིས་རང་ཉིད་ཀྱི་རྒྱལ་སྤྱིའི་འོས་འགན་ལག་བསྟར་ནན་མོ་བྱས་ཤིང་། ཕྱི་འབྲེལ་དོན་གཅོད་ལས་ཁུངས་དང་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་བདེ་འཇགས་ངང་ཕྱིར་གཏོང་བར་འབད་བརྩོན་བྱེད་དགོས་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱི་འབྲེལ་འཐུས་མི་དང་གཞུང་ཚབ་ཁང་གི་དཔོན་རིགས་ལ་གནོད་སྐྱེལ་མི་རུང་བའི་རྩ་དོན་དང་བཅའ་སྡོད་བྱེད་སའི་རྒྱལ་ཁབ་སྲིད་གཞུང་གི་འོས་འགན་བསྐྱར་བསྒྲགས་བྱས།

ལི་པུ་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བདེན་དཔང་བྱས་དོན། ལི་པུ་ཡཱ་རུ་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་ཨེ་ཐན་ཉིན་དེའི་སྔ་དྲོར་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེན་ཅན་གྱིས་བཙན་ཁྲིད་བྱས། སྐབས་དེར་གདོང་ཁེབ་གཡོགས་པའི་དྲག་ཆས་ཉེས་ཅན་གྱིས་ཅོར་ཏན་གྱི་གཞུང་ཚབ་ཆེན་མོའི་རླངས་འཁོར་ལ་མེ་མདས་བརྒྱབ་པ་དང་རླངས་འཁོར་ཁ་ལོ་བ་རྨས་རྗེས་གཞུང་ཚབ་ཆེན་མོ་རླངས་འཁོར་ལས་འབབ་དགོས་པའི་བཙན་སྐུལ་བྱས་པ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག