མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་དང་ཡོ་རོབ་གླིང་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་གྱིས་ལི་ཙེམ་པོག་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་གྱིས་ཚེས་བཅོ་ལྔ་ཉིན་ལི་ཙེམ་པོག་ནས་ཉིན་རེར་རྙོག་འཛིང་དུ་འགྱུར་བཞིན་པའི་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ལཱ་སི་མུའུ་སིན་གྱིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་རེ་བ་བཅངས་ཡོད་ཟེར།

ལཱ་སི་མུའུ་སིན་གྱིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་རྣམས་དང་མཉམ་དུ་ལི་ཙེམ་པོག་ནས་ཝུའུ་ཁི་ལན་གྱི་གནས་བབ་འགྱུར་ལྡོག་ཐད་ནས་གྲོས་བསྡུར་བྱས། ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ང་ཚོའི་དམག་དོན་གདམ་གསེས་བྱེད་པའི་ཇུས་གཞི་ལ་གྲོས་བསྡུར་མི་བྱེད་པ་དང་། ཡང་དག་པའི་ཐབས་ལམ་ནི་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐག་གཅོད་བྱེད་ཐབས་ཡིན་པར་ཡིད་ཆེས་ཡོད་ཟེར།

ལཱ་སི་མུའུ་སིན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཉིན་རེ་བཞིན་རྙོག་འཛིང་དུ་གྱུར་བ་དང་། བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ། གྲོགས་པོ་གཞན་པ་དག་གིས་གནད་འགག་གི་དུས་སྐབས་འདིར་སྔར་ལས་ལྷག་པར་མཉམ་ལས་བྱས་ཏེ། ཐུན་མོང་གི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལཱ་སི་མུའུ་སིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་རྣམས་ལ་ཕྱིན་ཆད་ཕྱོགས་སོ་སོས་མཚོ་སྐམ་མཁའ་གསུམ་གྱི་འགོག་སྲུང་ལ་ཤུགས་སྣོན་བྱེད་པའི་གནད་འགག་གི་གོམ་རིམ་གསུམ་ལ་དབྱེ་ཞིབ་བྱས། ཁོས་བཤད་རྒྱུར། ང་ཚོས་ཡང་བསྐྱར་འགོག་སྲུང་འཆར་གཞིར་འཆར་འགོད་དང་སྦྱོང་བརྡར་ལ་ཤུགས་སྣོན། སྔར་ལས་ལྷག་པར་དམག་དོན་སྟོབས་ཤུགས་བཀོད་སྒྲིག་བཅས་བྱེད་དགོས་ཟེར།

ལཱ་སི་མུའུ་སིན་གྱིས་བསྟན་དོན། མིག་སྔར་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་ཁག་ཅིག་ལ་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་རྟེན་གཞི་བཀོད་སྒྲིག་བྱེད་མིན་གྱི་གནད་དོན་གླེང་ན་ཅུང་སྔ་དྲགས་ཟེར།

ཉིན་རིམ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་སུའེ་ཙེར་གྱི་རི་ནེ་ཝ་རུ་སོང་ནས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ལ་ཞུགས་ཏེ། ཕྱི་འབྲེལ་གྱི་རོགས་ལས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་རྒྱུ་རེད། སྐབས་ཐོག་དེར་ཨ་ཧྲི་ཏོན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་བཅས་དང་མཉམ་དུ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག