མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕུའུ་ཅིན་ལ་ཁ་པར་བཏང་སྟེ་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅོ་ལྔ་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཟང་ཟིང་གི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་སོ་སོས་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས་པ་ནན་བཤད་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གི་སྤྱི་སྒྲོག་ལྟར་ན། ཕན་ཅི་ཝུན་གྱིས་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། ཉམས་ཉེན་སྔར་ལས་ཛ་དྲག་ཏུ་གྱུར་བ་ལས་འབྲེལ་ཡོད་ཕྱོགས་སོ་སོར་ཤུགས་རྐྱེན་མི་ལེགས་པ་ཐེབས་ཡོད་པས་མི་ཚང་མས་གནས་བབ་ཞི་འཇགས་སུ་འགྲོ་བར་བརྩོན་པ་ཧུར་ལེན་བྱེད་དགོས་ཟེར།

ཝུའུ་ཁི་ལན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་མིན་གྱི་གནད་དོན་ཐད་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་ཟེར།

ཨུ་རུ་སི་ལ་བློ་ཉེ་བའི་ཝུའུ་ཁི་ལན་གྱི་ཆབ་སྲིད་མི་སྣ་ཞིག་གིས་ཚེས་བཅོ་ལྔ་ཉིན་གཏམ་བཤད་སྤེལ་བའི་དབང་གིས་ཅི་ཧྥུའུ་ནས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཕན་ཅི་ཝུན་གྱིས་འཇབ་རྒོལ་དོན་རྐྱེན་དེ་རིགས་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། ནམ་རྒྱུན་བཟོད་སྒོམ་རང་བཞིན་གྱི་ཆབ་སྲིད་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ལ། ཝུའུ་ཁི་ལན་མི་དམངས་ཀྱིས་དྲག་ཤུགས་འཇིགས་ཉེན་མེད་པར་རང་དབང་གིས་རང་ཉིད་ཀྱི་འདོད་ཚུལ་བརྗོད་ཆོག་པར་བསམ་ཡོད། ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཞི་བདེ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་པའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པའི་ཐད་ནུས་པ་འདོན་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།

ཕན་ཅི་ཝུན་གྱིས་ཚེས་བཅུ་བཞི་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ཚབ་ཏུ་ལས་འགན་ལག་བསྟར་བྱེད་བཞིན་པའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ལ་ཁ་པར་བཏང་སྟེ། ཡང་བསྐྱར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཐད་ཀར་གྲོས་མོལ་བྱེད་དགོས་པ་དང་། ཝུའུ་ཁི་ལན་གྱིས་མུ་མཐུད་དུ་རང་ཚོད་བཟུང་ནས་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཞི་བའི་ཐག་གཅོད་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག