མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་བཙོན་མར་མནར་གཅོད་བཏང་བར་རྒོལ་གཏམ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-15 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཕིས་ལའེ་ཡིས་ཚེས14ཉིན་རི་ནེ་ཝ་ནས་སི་རི་ཡཱའི་དྲག་ཆས་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་གཉིས་ཀྱིས་བཀག་འཇུག་བྱས་པའི་མི་ལ་མནར་གཅོད་བཏང་བར་རྒོལ་གཏམ་དྲག་པོ་བཏང་།

ཕིས་ལའེ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གིས་གནོད་པ་ཐེབས་མཁན་དང་གནས་ཚུལ་དངོས་སུ་མཐོང་མཁན་རེ་འགའ་ལས་ཁུངས་སྣེ་བསྡུ་ལེན་བྱས་ཏེ་སྙན་ཞུར་བྲིས་པ་དང་། སྙན་ཞུ་ལས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་རེ་འགས་དུས་རྒྱུན་བཀག་འཇུག་བྱས་པའི་མི་སྣར་དུས་ཡུན་རིང་བོར་གཅར་རྡུང་དང་བརྙས་དམོད་བྱེད་བཞིན་ཡོད་ལ། ལོ་ལོན་དང་བྱིས་པ་ཡིན་ཡང་མནར་གཅོད་ལས་ཐར་ཐབས་མེད། ཐ་ན་བུད་མེད་རེ་འགར་བཙན་གཡེམ་བྱེད་པའི་སྣང་ཚུལ་ཡང་ཡོད། མནར་གཅོད་ཐེབས་པའི་མི་ལ་སྨན་བཅོས་བྱེད་མི་སྲིད་པས་མི་ལ་ལས་བཙོན་ཁང་དུ་ཚེ་སྲོག་ཤོར་བཞིན་ཡོད་ཟེར།

ཕིས་ལའེ་ཡིས་ནན་གྱིས་བསྟན་དོན། འཐབ་འཁྲུག་ཁྲོད་མནར་གཅོད་གཏོང་བའི་བྱ་སྤྱོད་དེས་འཐབ་འཁྲུག་གི་ཉེས་པ་དང་མིའི་རིགས་ལ་རྒོལ་བའི་ནག་ཉེས་གྲུབ་ཡོད་ཟེར། ཁོ་མོས་སི་རི་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་མྱུར་དུ་བཙོན་མར་མནར་གཅོད་གཏོང་མཚམས་བཞག་སྟེ། མི་ཆོས་དང་མཐུན་པའི་སྒོ་ནས་བཙོན་མར་ལྟ་སྟངས་ཡང་དག་འཛིན་དགོས་པའི་སྐུལ་མ་བཏང་། ཁོ་མོས་ད་རུང་སི་རི་ཡཱའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་མཐོ་རིམ་ཆེད་དོན་པ་དང་། སི་རི་ཡཱའི་གནད་དོན་གྱི་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པ་བཅས་དུས་ངེས་མེད་དུ་སི་རི་ཡཱའི་མངའ་ཁོངས་སུ་ཡོང་ནས་རྟོག་ཞིབ་བྱ་བ་སྤེལ་ཏེ། ས་དེའི་འགྲོ་མིའི་ཐོང་ཐང་གནས་ཚུལ་ལ་ལྟ་རྟོག་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག