མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་རྒྱལ་ཁབ་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཚན་ཆུང་གསུམ་པས་ཉིན་དེར་སྤེལ་བའི་ནམ་ཟླའི་འགྱུར་ལྡོག་ཇི་ལྟར་ཐག་གཅོད་བྱེད་པའི་སྐོར་གྱི་སྙན་ཞུ་ལ་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་སོ་སོས་མྱུར་དུ་སྤོབས་པ་ཆེན་པོས་འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་འཇར་མན་པའོ་ལིན་ནས་ཁྱབ་སྒྲོག་བྱས་པའི་སྙན་ཞུ་དེ་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དྲོད་རླངས་ཕྱིར་གཏོང་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པས་ངེས་པར་དུ་མྱུར་མོར་འགུལ་སྐྱོད་སྤེལ་ནས་དྲོད་ཚད་འཕར་བར་ཚོད་འཛིན་བྱེད་དགོས་པ་དང་། འགུལ་སྐྱོད་ཀྱི་འཕེལ་རིམ་དལ་ན་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགྲོ་སོང་སྔར་ལས་ཆེན་པོ་གཏོང་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་རྒྱལ་ཁབ་ཚང་མས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་སྤོབས་པ་ཆེན་པོས་འགུལ་སྐྱོད་སྤེལ་དགོས་པ་དང་། ད་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་བསྡུ་རྒྱུ་ཡིན་པའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་བསྒྲགས་གཏམ་དང་འགུལ་སྐྱོད་སྤེལ་ནས། ནུས་པ་གང་ཡོད་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་བར་བཅའ་ཁྲིམས་ཀྱི་བཀག་རྒྱ་ལྡན་པའི་འཛམ་གླིང་ཡོངས་ཀྱི་ཐག་གཅོད་གྲོས་མཐུན་ཞིག་འགོད་པར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ན་ནིང་ཟླ་དགུ་བར་ཁྱབ་སྒྲོག་བྱས་དོན། ཁོས་ད་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཉིས་སྟོང་བཅུ་བཞི་ལོའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱེད་རྒྱུ་མ་ཟད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་མཐོ་རིམ་གྲོས་ཚོགས་དེར་ཞུགས་པར་གདན་ཞུ་བྱས་ཏེ་ནམ་ཟླའི་གྲོས་མོལ་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག