མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཧན་གོ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་སེམས་མི་བདེ་བའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ཚེས11ཉིན་ནས་བཟུང་ཧན་གོའི་མཁའ་ཁོངས་ནས་ཉེ་བའི་ལོ་འགའི་རིང་གི་གཞི་རྒྱ་ཆེས་ཆེ་བའི་མཉམ་འབྲེལ་གྱི་མཁའ་དམག་འཐབ་འཁྲུག་སྦྱོང་བརྡར་བྱ་འགུལ་སྤེལ། དོན་དེའི་ཐད་ནས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་བརྩོན་སེམས་ཇེ་ཆེར་སོང་བར་ཨུ་རུ་སི་ཡིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། བྱ་སྤྱོད་དེ་ས་ཁུལ་གྱི་གནས་བབ་ལེགས་བཅོས་བྱེད་པར་ཕན་པ་མེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཚེས10ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཞི་འཇགས་སུ་འགྲོ་བའི་སྣང་ཚུལ་དེ་ཕན་ཚུན་བར་གྱི་ཛ་དྲག་གི་རྩོད་གླེང་གིས་ཚབ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་བསྟན་དོན། ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་དམག་དོན་སྦྱོང་བརྡར་གྱི་བརྩོན་སེམས་ཇེ་ཆེར་སོང་བ་དེ་གནས་བབ་ལེགས་བཅོས་བྱེད་པར་ཕན་པ་མེད་པར་མ་ཟད། དེ་ལས་ལྡོག་སྟེ་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་ཚབས་ཆེ་བའི་མཇུག་འབྲས་འབྱུང་སྲིད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་མེད་པའི་གནས་ཚུལ་འོག་རྒྱལ་ཁབ་གཉིས་ཀྱིས་བར་སྣང་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ཨེ་ཤ་ཡཱ་བྱང་ཤར་ས་ཁུལ་གྱི་ཕྱོགས་མང་བདེ་འཇགས་ནང་རྐྱེན་ལ་དམིགས་ཏེ། གྲོས་མོལ་སོགས་ཆབ་སྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་རྩོད་གླེང་ཚང་མ་ཐག་གཅོད་བྱེད་དགོས་པར་འདོད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག