མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་རྒྱལ་ཁབ་བཅོ་བརྒྱད་ཀྱི་མགོ་ཁྲིད་པར་འཕྲིན་ཡིག་བསྐུར་ཏེ་ཝུའུ་ཁི་ལན་གྱི་དཔལ་འབྱོར་བརྟན་འཇགས་ཐད་ནས་བྲེལ་མྱུར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིོན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས10ཉིན་ཨུ་རུ་སི་ནས་རང་བྱུང་སོལ་རླངས་ཉོ་བའི་རྒྱལ་ཁབ་བཅོ་བརྒྱད་ཀྱི་མགོ་ཁྲིད་པར་འཕྲིན་ཡིག་བསྐུར་ཏེ། ཝུའུ་ཁི་ལན་གྱི་དཔལ་འབྱོར་བརྟན་འཇགས་དང་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་གནད་དོན་ཐད་ནས་བྲེལ་མྱུར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ཅིན་གྱིས་འཕྲིན་ཡིག་ནང་བཤད་རྒྱུར། ཝུའུ་ཁི་ལན་གྱི་དཔལ་འབྱོར་ཉེ་བའི་ཟླ་ངོ་འགའི་ནང་ཉམས་རྒུད་དུ་སོང་བ་དང་། ཐོན་སྐྱེད་མཚམས་བཞག་སྟེ་ལས་ཤོར་གྱི་ཚད་སྔར་ལས་ཇེ་མང་དུ་སོང་། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་ནི་ཝུའུ་ཁི་ལན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་ཀྱང་། ཡོ་རོབ་གླིང་གི་གྲོགས་པོ་ཚོས་ཝུའུ་ཁི་ལན་གྱི་དཔལ་འབྱོར་འཕེལ་རྒྱས་གནད་དོན་ཐད་ནས་ཨུ་རུ་སིའི་བར་གྲོས་མོལ་བྱེད་འདོད་མེད་པར་ཝུའུ་ཁི་ལན་གྱི་དཔལ་འབྱོར་ཉམས་ཉེན་གྱི་མཇུག་འབྲས་དེ་ཨུ་རུ་སི་ཡིས་བཟོས་པར་ངན་སྨྲས་བྱེད་རྩིས་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ད་ལོའི་ཚུན་ལ། ཝུའུ་ཁི་ལན་གྱིས་ཨུ་རུ་སི་ལ་ཆད་པའི་རང་བྱུང་སོལ་རླངས་ཀྱི་དངུལ་བུན་ཟླ་རེ་བཞིན་ཇེ་མང་དུ་སོང་བ་དང་། ཟླ་གསུམ་པར་མེ་སྒོར་གཅིག་ཀྱང་སྤྲད་མེད། མིག་སྔར་ཝུའུ་ཁི་ལན་གྱིས་ཨུ་རུ་སི་ལ་ཆད་པའི་རང་བྱུང་སོལ་རླངས་ཀྱི་དངུལ་བུན་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ཙམ་ཡིན་པ་དང་། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟི་ཡིས་བཙན་གྱིས་སྔོན་རྩིས་མ་དངུལ་ལེན་རྒྱུ་རེད། གལ་ཏེ་དངུལ་སྤྲོད་ཆ་རྐྱེན་དང་འགལ་ན། ཐལ་དྲག་པའི་བྱེད་ཐབས་སྤྱད་དེ་སོལ་རླངས་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། རང་བྱུང་སོལ་རླངས་དེ་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་ཨུ་རུ་སི་རུ་སྐྱེལ་བར་ཁག་ཐེག་བྱེད་ཆེད། ཉེ་སྔོན་ངེས་པར་དུ་ཝུའུ་ཁི་ལན་གྱི་ས་འོག་གསོག་མཛོད་ཁང་དུ་རང་བྱུང་སོལ་རླངས་སྨིད་རྒྱ་དཔང་གྲུ་བཞི་མ་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔ་གསོག་དགོས་པ་དང་། དེར་མེ་སྒོར་ཐེར་འབུམ་ལྔ་ཡས་མས་སྤྲོད་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། མིག་སྔའི་གནས་བབ་ལས་ཐར་བའི་ཐབས་ལམ་ཉག་ཅིག་ནི་མྱུར་མོར་དཔལ་འབྱོར་དང་ནོར་སྲིད། ནུས་ཁུངས་བཅས་ཀྱི་པུའུ་ཀྲང་ཞུགས་པའི་གྲོས་མོལ་ཚོགས་འདུ་ཞིག་སྤེལ་ཏེ། གྲོས་མཐུན་འབྱུང་བའི་བྱེད་ཐབས་ཤིག་གཏན་འབེབས་བྱས་ནས་ཝུའུ་ཁི་ལན་གྱི་དཔལ་འབྱོར་གཏན་འཇགས་སུ་གཏོང་བ་དང་། གན་རྒྱའི་ཆ་རྐྱེན་གཞིར་བཟུང་ནས་རང་བྱུང་སོལ་རླངས་སྐྱེལ་འདྲེན་དང་མཁོ་འདོན་བྱེད་པར་འགན་སྲུང་བྱེད་དགོས་པ་དེ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། ཨུ་རུ་སི་ཝུའུ་ཁི་ལན་གྱི་དཔལ་འབྱོར་བརྟན་འཇགས་དང་སླར་གསོ་བྱེད་པའི་འགུལ་སྐྱོད་ནང་ཞུགས་རྩིས་ཡོད་ཀྱང་། ཕྱོགས་གཅིག་ཙམ་མ་ཡིན་པར་ཡོ་རོབ་གླིང་གི་གྲོགས་པོའི་འདྲ་མཉམ་གྱི་ཆ་རྐྱེན་འོག ཨུ་རུ་སིའི་དུས་ཡུན་རིང་བོར་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་པའི་དོན་དངོས་འགྲོ་སོང་ལ་བསམ་བློ་གཏོང་དགོས་ཟེར།

ཕུའུ་ཅིན་གྱིས་འཕྲིན་ཡིག་བསྐུར་བའི་མགོ་ཁྲིད་པ་དག་ནི་མའོ་ཨར་ཏའོ་ཝ་དང་། རོ་མཱ་ནི་ཡཱ། ཐུར་ཁེ། ཧང་ག་རི། སི་ལོ་ཝ་ཁི། སི་ལོ་ཝུན་ནེ་ཡཱ། མཱ་ཆི་ཏོན། ཅེ་ཁི། ཕོ་ལན། ཧྥ་རན་སི། འཇར་མན། ཁི་ལོ་ཏི་ཡཱ། པའོ་ཧེ། ཞེ་ལཱ། སེར་ཝེ་ཡཱ། པུར་ཀ་རི་ཡཱ། ཨོ་སི་ཁྲུ་རི་ཡཱ། དབྱི་ཐཱ་ལེ་བཅས་ཀྱི་མགོ་ཁྲིད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག