མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་རྒྱལ་བོས་མུ་མཐུད་དུ་དབྱི་རག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་བཅུ་ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཚི་པཱ་ལི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཅོར་ཏན་གྱིས་མུ་མཐུད་དུ་དབྱི་རག་མི་དམངས་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་གྱི་གནད་དོན་ཐད་ལ་ཤུགས་སྣོན་བྱེད་པ་དང་། ཁྱད་པར་དུ་ས་ཁུལ་གྱི་ཞི་བདེ་དང་སི་རི་ཡཱའི་གནས་བབ་ཀྱི་འགྱུར་ལྡོག་གསར་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨ་པུའུ་ཏུའུ་ལཱ་ཡིས་ནན་གྱིས་བསྟན་དོན། ཅོར་ཏན་གྱིས་མུ་མཐུད་དུ་དབྱི་རག་མི་དམངས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ལ། དེའི་ནང་ཕྱོགས་སོ་སོ་ཆབ་སྲིད་འཕེལ་རིམ་ནང་ཞུགས་པའི་མི་རིགས་འགྲིག་མཐུན་ཡང་འདུས་ཡོད་ཟེར།

ཚི་པཱ་ལི་ཡིས་ཅོར་ཏན་གྱིས་ནམ་རྒྱུན་དབྱི་རག་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས། ཁོས་བསྟན་དོན། དབྱི་རག་གིས་ཅོར་ཏན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་པར་རེ་བ་ཆེན་པོ་བཅངས་ཡོད་པ་དང་། དབྱི་རག་སྲིད་གཞུང་གིས་དབྱི་རག་ནས་ཅོར་ཏན་དུ་འདྲེན་པའི་རྡོ་སྣུམ་སྦུག་ལམ་ལས་གཞི་ལ་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཕྱོགས་ཡོངས་ནས་རང་ཉིད་ཀྱི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད་ཟེར།

དབྱི་རག་སྲིད་གཞུང་གི་དཔོན་རིགས་ཀྱིས་བཤད་རྒྱུར། མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་བཏང་བའི་དབྱི་རག་པཱ་ཧྲི་ལཱ་ནས་ཅོར་ཏན་གྱི་ལྷོ་ཕྱོགས་གྲུ་ཁའི་གྲོང་ཁྱེར་ཡཱ་ཁཱ་པཱ་བར་གྱི་མ་བཅོས་རྡོ་སྣུམ་གྱི་སྦུག་ལམ་ནི་དབྱི་རག་སྲིད་གཞུང་གི་རིམ་པ་མཐོ་བའི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་དབྱི་རག་གིས་ཅོར་ཏན་ལ་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་མཁོ་འདོན་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག