མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་བཀོད་སྒྲིག་བྱེད་པར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་བརྟན་འཇགས་འཐུས་ཚབ་ཚོགས་པ་བཀོད་སྒྲིག་བྱེད་རྒྱུ་ཐག་བཅད་པར་དགའ་བསུ་ཞུས་པ་དང་། བྱ་སྤྱོད་དེ་ནི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་དང་མི་དམངས་མུ་མཐུད་དུ་བྱེ་བྲག་ཏུ་རྒྱབ་སྐྱོར་ཐོབ་ངེས་རེད་ཟེར།

ཕན་ཅི་ཝུན་གྱིས་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་འབྲེལ་ཡོད་གྲོས་ཆོད་བཀོད་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཞོར་དུ་དམར་གསོད་དང་། དམིགས་སའི་རང་བཞིན་ལྡནཔ་འི་འཇབ་རྒོལ། དེ་མིན་འགྲོ་མིའི་ཐོབ་ཐང་དང་འགལ་བའི་ཡ་ང་བའི་བྱ་སྤྱོད་སོགས་མྱུར་མོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་གཙོ་ཁྲིད་བྱེད་པའི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་དང་། ཧྥ་རན་སི་རྒྱལ་ཁབ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་མིག་སྔར་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་བཀོད་སྒྲིག་བྱས་ཡོད་པའི་དམག་དཔུང་གིས་འབད་བརྩོན་ལྷུར་ལེན་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་དང་རོགས་ལས་བྱས་ཏེ་བདེ་བླག་ངང་བར་བརྒལ་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་བརྟན་འཇགས་འཐུས་ཚབ་ཚོགས་པའི་བྱ་བའི་འཁོར་རྒྱུག་རྒྱུན་ལྡན་དུ་འགྱུར་རག་བར་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་གླིང་དབུས་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཁོང་གོ་པུའུ་བཅས་ཀྱིས་བར་འདུམ་ཐད་འབད་བརྩོན་བྱས་ཏེ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་བར་བརྒལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་ཁས་ལེན་གང་ལེགས་བྱས། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བར་བརྒལ་སྲིད་གཞུང་ལ་མཉམ་དུ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དེ་ཡུན་རིང་ཞི་བདེ་དང་བརྟན་འཇགས། འགྲིག་མཐུན་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་ཉིན་གྲོས་ཆོད་བཀོད་དེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་མི་ཁྲི་གཅིག་དང་སྟོང་གཉིས་ཀྱིས་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཞིག་བཀོད་སྒྲིག་བྱེད་རྒྱུ་ཐག་བཅད། གྲོས་ཆོད་ལྟར་ན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་གཙོ་ཁྲིད་བྱེད་པའི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པས་ད་ལོའི་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་མང་བོའི་ཕྱོགས་བསྡུས་བརྟན་འཇགས་འཐུས་ཚབ་ཚོགས་པར་དབང་ཆ་བརྒྱུད་སྤྲོད་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག