མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་ནས་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་དོན་རྐྱེན་ཐེངས་མང་བྱུང་སྟེ་མི29རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས10ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་དྲག་ཤུགས་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་བདུན་ལ་རྨས་ཕོག་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། རྒྱལ་ས་པཱ་ཀ་ཏཱའི་བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ་ནས་ཉིན་དེའི་དགོང་མོར་བསྟུད་མར་རླངས་འཁོར་འགས་གཏོར་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། བསྡོམས་པས་ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དྲུག་ལ་རྨས་ཕོག དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པེད་ཉེ་འདབས་ནས། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་སྡེ་བ་ཞིག་ཏུ་ཡོང་ནས་ཞོང་ནེ་ཕྱོགས་ཁག་གི་མི་སེར་དཀྱུས་མ་བརྒྱད་བསད་པ་དང་། སྡེ་བ་དེའི་ཞོང་ནེ་ཕྱོགས་ཁག་གི་ཆོས་ཁང་ཞིག་དང་སྡོད་ཁང་མི་ཉུང་བ་ཞིག་མེར་བསྲེགས་ཟེར།

ཉིན་དེའི་སྔ་དྲོར། ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ཧྥེ་ལུའུ་ཅེ་ནས་མུ་མཐུད་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་བཞི་ལ་རྨས་ཕོག བདེ་འཇགས་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣས་ལཱ་མཱ་ཏིས་ནས་འཁྲུག་རྩོད་བྱས་ཏེ། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཡིན་པར་དོགས་པའི་མི་དྲུག་བསད།

ད་ལོའི་ཟླ་དང་པོའི་ཟླ་མགོའི་ཚུན་ལ། ཨན་པཱ་ཨར་ཞིང་ཆེན་གྱི་ཧྥེ་ལུའུ་ཅེ་གྲོང་ཁྱེར་དང་ལཱ་མཱ་ཏིས་ཀྱི་ས་ཆ་མི་ཉུང་བ་ཞིག་འཇིགས་སྐུལ་རྩ་འཛུགས་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་བཙན་བཟུང་བྱས་ཡོད་པ་དང་། དབྱི་རག་བདེ་འཇགས་དམག་དཔུང་དང་ས་དེའི་ཚོ་ཁག་གི་དྲག་ཆས་པས་དུས་རྒྱུན་མཉམ་འབྲེལ་བྱས་ཏེ་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བཞིན་ཡོད།

དེ་ལས་གཞན་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ས་ཁུལ་མང་བོ་ནས་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག