མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུའི་འཚོལ་ཞིབ་བྱ་བ་དེ་དུས་ཡུན་རིང་བོ་འགོར་བས་མཁའ་འགྲུལ་ལོ་རྒྱུས་སྟེང་འགྲོ་སོང་ཆེས་མང་བའི་འཚོལ་ཞིབ་འགུལ་སྐྱོད་ཅིག་ཏུ་གྱུར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་གཏོང་ཐེངས་གསུམ་བདུན་ཐིག་གི་འཛམ་གླིང་རང་བཞིན་གྱི་འཚོལ་ཞིབ་འགུལ་སྐྱོད་སྤེལ་ནས་ཟླ་ངོ་གཅིག་ལྷག་འགོར་ཡང་གནམ་གྲུ་གར་སོང་གསལ་བོར་ཤེས་མེད་ལ། གནམ་གྲུ་གར་སོང་གི་གནས་ཚུལ་ཤེས་མིན་ད་རུང་གསལ་ཁ་མེད། ཡིན་ན་ཡང་མིག་སྔར་གཏན་འཁེལ་བྱས་ཆོག་པ་ཞིག་ནི་འགྲུལ་སྐྱེལ་གནམ་གྲུ་དེ་འཚོལ་ཞིབ་བྱེད་པའི་འགུལ་སྐྱོད་ནི་ད་ལྟའི་བར་མིའི་རིགས་ཀྱི་མཁའ་འགྲུལ་ལོ་རྒྱུས་སྟེང་འགྲོ་སོང་ཆེས་ཆེ་བའི་འཚོལ་ཞིབ་འགུལ་སྐྱོད་ཅིག་རེད།

ཟླ་གསུམ་པའི་ཚེས་བརྒྱད་ཉིན། མཱ་ལེ་ཞི་ཡཱའི་གནམ་གྲུ་གཏོང་ཐེངས་གསུམ་བདུན་ཐིག་འཕུར་བསྐྱོད་བྱེད་སྐབས་འབྲེལ་ཐག་ཆད་རྗེས། བསྡོམས་པས་རྒྱལ་ཁབ་ཉེར་དྲུག་རྣམ་པ་མི་འདྲ་བའི་སྒོ་ནས་གནམ་གྲུ་འཚོལ་ཞིབ་བྱེད་པའི་བྱ་བར་ཞུགས་པ་དང་། གནམ་གྲུ་དང་གྲུ་གཟིངས། ཆུ་འཛུལ་གྲུ་གཟིངས། འཁོར་སྐར་སོགས་ལག་རྩལ་བྱེད་ཐབས་སྣ་ཚོགས་སྤྱད།

ལུའུ་ཐིག་གསར་འགྱུར་ཁང་གིས་ཕྱོགས་བསྒྲིགས་བྱས་པའི་ཚོད་དཔག་གཞི་གྲངས་ལྟར་ན། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ། ཨ་མེ་རི་ཁ། ཡོ་ནན་བཅས་ཀྱིས་ཧིན་རྡུ་རྒྱ་མཚོ་དང་ལྷོ་ཕྱོགས་མཚོ་ཁོངས་སུ་དམག་གྲུ་དང་གནམ་གྲུ་མངག་གཏོང་བྱས་ཏེ་འཚོལ་ཞིབ་བྱས་པ་དང་། ཉུང་མཐར་ཡང་མེ་སྒོར་བྱེ་བ་བཞི་དང་ས་ཡ་བཞིའི་འགྲོ་སོང་བཏང་ཡོད།

ཉིག་ཡོ་དུས་སྐབས་ཚགས་པར་གྱིས་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འདས་པའི་གཟའ་འཁོར་འགའི་ནང་། མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་གནམ་གྲུ་འཚོལ་ཞིབ་བྱ་བ་སྤེལ་ས་དེ་ཧིན་རྡུ་རྒྱ་མཚོའི་ལྷོ་ངོས་མཚོ་ཁོངས་སུ་བསྒྱུར་བ་དང་། དེའི་འགྲོ་སོང་གཏོང་མཁན་ལ་གཙོ་བོ་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ། འཇར་པན། མཱ་ལེ་ཞི་ཡཱ། ནེའུ་ཙེ་ལན། ཧན་གོ། ཨ་མེ་རི་ཁ་བཅས་རྒྱལ་ཁབ་བདུན་ཡོད། འབྲེལ་ཡོད་དཔོན་རིགས་ཀྱིས་བཤད་རྒྱུར། རྒྱལ་ཁབ་དེ་དག་གིས་བསྡོམས་པས་ཉུང་མཐར་ཡང་སྲིད་གཞུང་གི་གྲུ་གཟིངས་བཅུ་དང་དམག་བཀོལ་གནམ་གྲུ་བཅུ་བཞི། དམངས་བཀོལ་གནམ་གྲུ་ལྔ་བཅས་མངག་གཏོང་བྱས། རྒྱལ་ཁབ་མང་བོའི་ཚོང་གྲུ་བདུན་ལྷག་ཀྱང་འཚོལ་ཞིབ་འགུལ་སྐྱོད་ཁྲོད་ཞུགས་ཡོད། ཉེ་སྔོན། དབྱིན་ཇི་རྒྱལ་ཁབ་ཀྱིས་ད་རུང་མཚོ་དམག་གི་སྔོག་བཤེར་གྲུ་གཟིངས་ཤིག་དང་ཉིང་རྡུལ་ཆུ་འཛུལ་གྲུ་གཟིངས་ཤིག་ཀྱང་མངག་གཏོང་བྱས་ཡོད་ཟེར།

ཆེད་མཁས་པས་བཤད་རྒྱུར། རྒྱལ་སྤྱིའི་རྒྱུན་སྲོལ་ལྟར་ན་གནམ་གྲུའི་འཚོལ་ཞིབ་ཀྱི་འགྲོ་སོང་དེར་སུས་འགན་ཁུར་དགོས་པའི་གཏན་འཁེལ་མེད་པ་དང་། གྲོས་མཐུན་དང་ཆིངས་ཡིག་སོགས་སུའང་སུ་ཡིན་གཏན་འཁེལ་བྱས་མེད་ཟེར། དབྱེ་ཞིབ་མི་སྣས་ཚོད་དཔག་བྱས་ན། མཱ་ལེ་ཞི་ཡཱའི་གར་སོང་མ་རྙེད་པའི་གནམ་གྲུ་འཚོལ་ཞིབ་བྱེད་པའི་འགུལ་སྐྱོད་ལ་ཞུགས་པའི་རྒྱལ་ཁབ་དང་ཀུང་ཟི་ཚང་མས་རང་རང་གི་འགྲོ་སོང་ལ་འགན་ཁུར་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག