མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྐོར་ཐེངས་གསུམ་པ་སྤེལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གི་འཐུས་མིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་ད་ལོའི་ཟླ་གཉིས་པའི་ཚུན་གྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྐོར་ཐེངས་གསུམ་པ་སྤེལ་མགོ་བརྩམས། ལས་འགན་གཙོ་བོ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ཞིབ་རྒྱས་ཤིག་འདོན་པར་གྲ་སྒྲིག་བྱེད་རྒྱུ་དེ་རེད།

ན་ནིང་གི་ཟླ་བཅུ་གཅིག་པར་དབྱི་ལིང་དང་རྒྱལ་ཁབ་དྲུག་གིས་སུའེ་ཙེར་གྱི་རི་ནེ་ཝ་ནས་བཀོད་པའི་གནས་སྐབས་གྲོས་མཐུན་ལྟར་ན། ད་ལོའི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ནས་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་བར། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ལས་གཞི་གཙོ་བོ་སྐོར་ཞིག་མཚམས་འཇོག་རྒྱུ་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་ལྷོད་ཡངས་སུ་གཏོང་རྒྱུ་རེད།

གནས་སྐབས་གྲོས་མཐུན་གྱི་དུས་ཡུན་ལོངས་པ་དང་བསྟུན་ནས། དབྱི་ལིང་དང་རྒྱལ་ཁབ་དྲུག་གིས་ཟླ་ལྔ་བ་ནས་བཟུང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ཞིབ་རྒྱས་ཤིག་བཏོན་ཏེ། ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་གྲོས་མཐུན་གསར་བ་དེ་འགོད་པར་བརྩོན་ལེན་བྱེད་འདོད་ཡོད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱི་མགྲིན་ཚབ་པ་མན་ཨིན་གྱིས་བཤད་རྒྱུར། ཚོད་དཔག་བྱས་ན་སྐོར་ཐེངས་གསར་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་དེའི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ང་ཚོས་རང་རང་གི་གྲོས་གཞི་མི་འདྲ་བའི་ཐད་ཀྱི་ལངས་ཕྱོགས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སྐོར་ཐེངས་གསུམ་པའི་གྲོས་གཞི་ལ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གིས་གྲོས་མཐུན་བརྩི་སྲུང་བྱས་མིན་ལ་ཇི་ལྟར་ཞིབ་བཤེར་བྱེད་པ་དང་། དབྱི་ལིང་གིས་འདས་པའི་ལོ་ཟླའི་ནང་གི་ཉིང་རྡུལ་ནུས་པར་འབྲེལ་བའི་དོགས་ཡོད་ཞིབ་འཇུག་ལ་ཇི་ལྟར་རྟོག་ཞིབ་བྱེད་པ། དེ་མིན་རྒྱལ་ཁབ་སོ་སོས་ཕྱིན་ཆད་ཉིས་སྟོང་དྲུག་ལོའི་ཚུན་གྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱི་ལིང་དང་འབྲེལ་བའི་གྲོས་ཆོད་ལ་ལྟ་སྟངས་ཅི་འདྲ་འཛིན་པ་སོགས་འདུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག