མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཨུ་རུ་སི་ལ་གནོན་ཤུགས་བྱིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-09 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཚེས་བདུན་ཉིན་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་ན། ཨ་མེ་རི་ཁས་ཨུ་རུ་སི་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་སྤྱོད་རྩིས་ཡོད་པ་དང་། ཐེངས་འདིའི་བཀག་སྡོམ་བྱེད་ཐབས་དེ་ཨུ་རུ་སིའི་དཔལ་འབྱོར་ལ་ཁ་ཕྱོགས་ཡོད་ཟེར།

ཁཱ་ནེ་ཡིས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་འགུལ་སྐྱོད་གང་རུང་སྤེལ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཀག་སྡོམ་ཐེབས་སྲིད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་གྱི་ཏོན་ནེ་ཚི་ཁི་ཀྲིག་དང་། ཧཱ་ཨར་ཁི་ཧྥུའུ་ཀྲིག ལུའུ་ཀན་སི་ཁི་ཀྲིག་སོགས་ཀྱི་ཨུ་རུ་སི་ལ་བློ་ཉེ་བའི་མང་ཚོགས་སྟོང་ཕྲག་འགས་ཚེས་དྲུག་ཉིན་ངོ་རྒོལ་འདུ་ཚོགས་བསྡུས་པར་མ་ཟད། ཏོན་ནེ་ཚི་ཁི་དང་ཧཱ་ཨར་ཁི་ཧྥུའུ་ཡི་འདུ་ཚོགས་སྤེལ་མཁན་སྐོར་ཞིག་གིས་ཀྲིག་སྲིད་གཞུང་གི་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་ཏེ་ཨུ་རུ་སིའི་རྒྱལ་དར་བསྒྲེངས། ཏོན་ནེ་ཚི་ཁི་ཀྲིག་སྲིད་གཞུང་བཙན་བཟུང་བྱས་པའི་ཨུ་རུ་སི་ལ་བློ་ཉེ་བའི་འཐུས་མི་ལྔ་བཅུ་ཙམ་གྱིས་ཚེས་བདུན་ཉིན་གྲོས་ཚོགས་བསྡུས་ཏེ། ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་བསྒྲགས་གཏམ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཚོགས་ལ་ཞུགས་མཁན་གྱིས་ད་རུང་ཁྱབ་བསྒྲགས་བྱས་དོན། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཏོན་ནེ་ཚི་ཁི་ཀྲིག་གི་བདག་དབང་གནད་དོན་ཐད་ནས་དམངས་ཡོངས་ཀྱིས་བརྡས་གཅོད་བྱེད་རྒྱུ་ཡིན་ཟེར།

ཟླ་སྔོན་མར་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་ས་ཁུལ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་རེ་འདོད་དང་ལེན་བྱས་རྗེས། ཨ་མེ་རི་ཁས་ཨུ་རུ་སིའི་དཔོན་རིགས་དང་དངུལ་ཁང་རེ་འགར་བཀག་སྡོམ་བྱེད་ཐབས་ནན་མོ་སྤྱད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག