མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་བརྟན་འཇགས་མིན་པའི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཞི་མཐུན་གྱི་བསམ་ཚུལ་སྟོན་དགོས་པའི་འབོད་སྐུལ་བཏང་།

དྲུང་ཡིག་ཆེན་མོས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཉེ་སྔོན་གྱི་གནས་བབ་ཐད་ལྟ་ཚུལ་ག་འདྲ་བཟུང་ཡོད་ཚུལ་འདྲི་སྐབས་ཧཱ་ཁི་ཡིས་བཤད་རྒྱུར། ཕན་ཅི་ཝུན་གྱིས་གནས་དེའི་གནས་བབ་ལ་འགན་ཁུར་ཡོད་པ་དང་ཤུགས་རྐྱེན་ཡོད་པའི་ཕྱོགས་ཁག་སོ་སོས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། མི་ཚང་མས་ཞི་བའི་ཐབས་ལ་བརྟེན་ནས་གནས་བབ་ཞི་འཇགས་ཡོང་བར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།

ཧཱ་ཁི་ཡིས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝུའུ་ཁི་ལན་འགྲོ་མིའི་ཐོབ་ཐང་ལྟ་རྟོག་ཚན་ཆུང་གི་རྒྱལ་སྤྱིའི་ལས་མི་ཚང་མས་བཀོད་སྒྲིག་ཡོངས་འགྲུབ་བྱས་པ་དང་། ལེ་ཝོ་ཧྥུའུ་དང་ཨོ་ཏི་སཱ། ཏོན་ནེ་ཚི་ཁི་སོགས་ནས་བཅའ་སྡོད་གཞུང་སྒྲུབ་ཁང་བཙུགས་ཏེ་མིག་སྔར་ས་གནས་རང་གི་ལས་བཟོ་བ་བསྡུ་ལེན་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལན་དང་དམངས་ཁྲོད་རྩ་འཛུགས་རེ་འགས་རེ་བ་བཏོན་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་གསུམ་པའི་ཟླ་དཀྱིལ་ལ་ཝུའུ་ཁི་ལན་དུ་འགྲོ་མིའི་ཐོབ་ཐང་ལྟ་རྟོག་ཚན་ཆུང་མངག་གཏོང་བྱས་ཏེ། ཁི་ལི་མུས་ཡཱ་དང་བཅས་པའི་ཝུའུ་ཁི་ལན་གྱི་འགྲོ་མིའི་ཐོབ་ཐང་གི་གནས་ཚུལ་ལ་དངོས་ཡོད་དང་མཐུན་པའི་སྒོ་ནས་རྒྱུས་ལོན་བྱས་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་འགྲོ་བར་རོགས་འདེགས་བྱས་པ་རེད།

ཨུ་རུ་སི་ལ་བློ་ཉེ་བའི་མང་ཚོགས་སྟོང་ཕྲག་འགའ་ཡིས་ཚེས་དྲུག་ཉིན་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གྲོང་ཁྱེར་གཙོ་བོ་གསུམ་ནས་ངོ་རྒོལ་བྱ་འགུལ་སྤེལ་བ་དང་། འདུ་ཚོགས་སྤེལ་མཁན་ཁག་ཅིག་གིས་ཀྲིག་སྲིད་གཞུང་གི་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་ཏེ་ཨུ་རུ་སིའི་རྒྱལ་དར་བསྒྲེངས། ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ཚབ་འགན་ཁུར་བའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། སྲིད་གཞུང་གིས་ཀྲིག་སྲིད་གཞུང་གི་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་པའི་མི་སྣ་དག་ལ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག