མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཁ་པར་ལས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཉིན་དེར་ཁ་པར་བཏང་སྟེ། ཝུའུ་ཁི་ལན་རྒྱལ་ནང་གི་ཆབ་སྲིད་ཉམས་ཉེན་སེལ་བའི་ཐད་ནས་ཝུའུ་ཁི་ལན་ལ་ཕྱི་ཕྱོགས་ནས་རོགས་སྐྱོར་བྱེད་པར་གྲོས་བསྡུར་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་བསྒྲགས་པའི་སྤྱི་བསྒྲགས་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། ཝུའུ་ཁི་ལན་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་ངོ་རྒོལ་བྱ་འགུལ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་འོག ཝུའུ་ཁི་ལན་གྱི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ཆབ་སྲིད་སྟོབས་ཤུགས་ཚང་མ་ཞུགས་ཏེ་མངོན་གསལ་དང་གཏིང་ཟབ་པའི་སྒོ་ནས་རྩ་ཁྲིམས་བཅོས་བསྒྱུར་བྱེད་རྒྱུ་དེ་ཡིན་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཝུའུ་ཁི་ལན་རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་དེ་གྲོས་མོལ་བྱེད་པ་དང་ཝུའུ་ཁི་ལན་གྱི་མནའ་འབྲེལ་མི་བྱེད་པའི་གོ་གནས་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་དམིགས་སུ་བཀར་ནས་ནན་བཤད་བྱས།

སྤྱི་བསྒྲགས་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་དུ་འབད་བརྩོན་བྱས་ཏེ། ཝུའུ་ཁི་ལན་གྱི་རྒྱལ་ཡོངས་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས་བཟང་བོ་ཞིག་འཚོལ་ཞིབ་བྱས་ནས་ཝུའུ་ཁི་ལན་གྱི་མི་རང་ཉིད་ཀྱིས་རྒྱལ་ཁབ་རང་གི་ལས་དབང་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཐག་བཅད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁཱ་ནེ་ཡིས་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་མུ་མཐུད་དུ་གྲོས་མོལ་བྱས་ཏེ། ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར། ཁཱ་ནེ་ཡིས་ཚེས་བདུན་ཉིན་ཝ་ཧྲིན་ཏོན་ནས་གསར་འགྱུར་ལས་རིགས་ལ་ཁྱབ་བསྒྲགས་བྱས་དོན། ཁི་ལེ་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་སྣ་ཚོགས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་གནད་དོན་དེ་དག་ཐད་ནས་མཐུན་སྦྱོར་བྱེད་འདོད་ཡོད་ཟེར། ཁཱ་ནེ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་དང་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁས་རྒྱལ་སྤྱིའི་ལྟ་ཞིབ་པ་ཝུའུ་ཁི་ལན་དུ་མངག་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག་ཐད་ཀར་གྲོས་མོལ་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱིས་ཕྱིན་ཆད་ཀྱི་ཉིན་བཅུའི་ནང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་ཐད་ཀར་གྲོས་མོལ་བྱེད་རྒྱུ་རེད་ཟེར། ཁོ་མོས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་ཉིན་དེར་ཁ་པར་བརྒྱུད་དེ་གྲོས་མོལ་དེ་རིགས་རྩ་འཛུགས་བྱེད་པའི་མདུན་ལྗོངས་ལ་གྲོས་བསྡུར་བྱས་པ་དང་། གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་དང་ཉིན་རིམ་སོགས་གཏན་འབེབས་བྱེད་བཞིན་ཡོད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག