མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱེ་ཅཱ་ཐི་ཡིས་སུའུ་ཏན་ལྷོ་མའི་ཞི་བའི་གྲོས་མོལ་དེ་གཟའ་འཁོར་གཉིས་ཀྱི་རྗེས་སུ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་དབྱེ་ཅཱ་ཐི་ཡིས་ཚེས་བདུན་ཉིན་ནེ་ལོ་པུས་ནས་གསལ་བསྒྲགས་སྤེལ་ཏེ། སུའུ་ཏན་ལྷོ་མའི་སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་དེ་གཟའ་འཁོར་གཉིས་ཀྱི་རྗེས་ཏེ་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་སྤེལ་རྒྱུ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱི་ཞི་བའི་གྲོས་མོལ་དེ་ཚེས་བདུན་ཉིན་ཨེ་སེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་ནས་བསྡུས། གནད་དོན་རེ་འགར་ཡང་བསྐྱར་གྲོས་མོལ་བྱེད་དགོས་པའི་དབང་གིས་ཞི་བའི་གྲོས་མོལ་དེ་རྗེས་སུ་བསྣུར་བ་ཡིན་ཟེར།

ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་ནས་དྲག་ཆས་འཁྲུག་རྩོད་ཚབས་ཆེན་བྱུང་། སུའུ་ཏན་ལྷོ་མའི་ཙུང་ཐུང་བཞུགས་ཤག་གིས་ཉིན་གཉིས་པར་ཁྱབ་བསྒྲགས་བྱས་དོན། དྲག་ཆས་འཁྲུག་རྩོད་དེ་སྲིད་འགྱུར་གྱི་གཡོ་ཇུས་ལས་བྱུང་བ་ཡིན་ཞིང་། སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ་མཱ་ཧྲ་ཨར་ནི་གཡོ་ཇུས་དེའི་ལྐོག་གི་ཇུས་འགོད་མཁན་ཡིན་པ་ཁྱབ་བསྒྲགས་བྱས། མཱ་ཧྲ་ཨར་འཁྲུག་རྩོད་བྱུང་བའི་ཉིན་དེར་ཀྲུའུ་པཱ་དང་བྲལ་ནས་སྐྱོན་འཛུགས་དེ་ཁས་ལེན་མ་བྱས།

འཁྲུག་རྩོད་བྱུང་རྗེས། དབྱེ་ཅཱ་ཐི་ཡིས་བར་འདུམ་བྱས་འོག ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་དེ་འཁྲུག་རྩོད་མཚམས་འཇོག་པར་རེ་བ་བཅངས་ཡོད། ད་ལོའི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཉིན་ཉི་ཤུ་ལྷག་གི་སྐོར་ཐེངས་དང་པོའི་གྲོས་མོལ་བྱས་པ་བརྒྱུད། སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཡཱ་ཏི་སི་ཡཱ་པེ་པཱ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དབྱེ་ཅཱ་ཐི་ཡི་བར་འདུམ་འོག་ཡཱ་ཏི་སི་ཡཱ་པེ་པཱ་ནས་སྐོར་ཐེངས་གཉིས་པའི་གྲོས་མོལ་བྱས་པ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག