མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་གནས་བབ་ཐད་ནས་ཁ་པར་བཏང་སྟེ་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-08 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་ལྟར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་ཅེ་ཞེ་ཁྲ་གཉིས་ཀྱིས་ཁ་པར་ལས་གྲོས་མོལ་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། རྩ་ཁྲིམས་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པའི་ཞོར་དུ། ངེས་པར་དུ་ས་གནས་རང་གི་སྡོད་དམངས་ཀྱི་འདོད་བློར་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཝུའུ་ཁི་ལན་རྒྱལ་ནང་གི་ཉམས་ཉེན་ཐད་ནས་ཨུ་རུ་སིའི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་དང་། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་བྲེལ་མྱུར་བྱེད་ཐབས་སྤྱད་ཅིང་ཝུའུ་ཁི་ལན་གྱི་ས་ཁུལ་སོ་སོའི་ཆབ་སྲིད་སྟོབས་ཤུགས་རྒྱལ་ཡོངས་གྲོས་མོལ་ལ་ཞུགས་པར་རྩ་འཛུགས་བྱེད་པ་དང་། ཕྱོགས་སོ་སོའི་ཁེ་ཕན་ལ་གཞིགས་ཏེ་རྩ་ཁྲིམས་ལ་བཅོས་བསྒྱུར་གཏིང་ཟབ་བྱེད་དགོས་པའི་སྐུལ་མ་བཏང་། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁ་སོགས་དང་མཉམ་དུ་འཕེལ་རིམ་དེར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ངེས་པར་དུ་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་སྡོད་དམངས་ཀྱི་འདོད་བློར་བརྩི་འཇོག་བྱེད་དགོས་པ་ལས། བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ་ས་དེའི་སྡོད་དམངས་ཀྱི་སྐད་ཡིག་དང་རིག་གནས། སྤྱི་ཚོགས་དཔལ་འབྱོར་བཅས་ཀྱི་ཁེ་ཕན་ཐད་ཀྱི་ཁྲིམས་མཐུན་རེ་བ་སྣང་མེད་དུ་བསྐྱུར་མི་རུང་ཟེར།

ཝུའུ་ཁི་ལན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་གྱི་ཏོན་ནེ་ཚི་ཁི་ཀྲིག་དང་། ཧཱ་ཨར་ཁི་ཧྥུའུ་ཀྲིག ལུའུ་ཀན་སི་ཁི་ཀྲིག་སོགས་ཀྱི་ཨུ་རུ་སི་ལ་བློ་ཉེ་བའི་མང་ཚོགས་ཀྱིས་ཚེས་བདུན་ཉིན་མུ་མཐུད་དུ་འདུ་ཚོགས་བསྡུས་པ་དང་། ས་ཁུལ་ཁག་ཅིག་ནས་ཡང་བསྐྱར་འཁྲུག་རྩོད་དང་ས་གནས་སྲིད་གཞུང་བཙན་བཟུང་བྱས་པའི་དོན་རྐྱེན་བྱུང་། ཏོན་ནེ་ཚི་ཁི་དང་ཧཱ་ཨར་ཁི་ཧྥུའུ་ཡི་ཨུ་རུ་སི་ལ་བློ་ཉེ་བའི་མང་ཚོགས་ཀྱིས་སྒེར་ཚུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་འཛུགས་དགོས་པ་དང་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་དགོས་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ཚབ་འགན་ཁུར་བའི་ཝུའུ་ཁི་ལན་གྱི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ཏེ། ཁི་ལི་མུས་ཡཱའི་སྣང་ཚུལ་དེ་འདྲ་ཝུའུ་ཁི་ལན་གྱི་ཤར་ལྷོའི་ས་ཁུལ་ནས་ཡང་བསྐྱར་འབྱུང་མི་རུང་བ་དང་། གོང་གི་ས་ཁུལ་དེ་དག་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་མཐའ་མཚམས་སྲུང་སྐྱོབ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག