མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-07 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་ཡིས་ཚེས་དྲུག་ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན།

ཀྲུའུ་ཏཱ་ཡིས་ཉིན་དེར་ཨ་ལཱ་པུས་དང་མཉམ་དུ་དེང་སྐབས་ས་ཁུལ་གནས་བབ་ཀྱི་འགྱུར་ལྡོག་གསར་བར་གྲོས་བསྡུར་བྱས་པར་མ་ཟད། ཟླ་འདིའི་ཚེས་དགུའི་ཉིན་ཨ་རབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ཡོད་སའི་ཁེ་རོ་ནས་བསྡུ་རྒྱུ་ཡིན་པའི་ཨ་རབ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་བྲེལ་མྱུར་གྲོས་ཚོགས་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཀྲུའུ་ཏཱ་དང་ཨ་ལཱ་པུས་གཉིས་ཀྱིས་ཅང་མ་འགོར་བའི་སྔོན་ཁི་ཝེ་ཐི་ནས་བསྡུས་པའི་ཨ་རབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁའི་བར་འདུམ་འོག་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཞི་བའི་ཐབས་ཀྱི་བྱ་བ་གང་རུང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་ཞི་བའི་གྲོས་མོལ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་། ལྷག་པར་དུ་དབྱི་སི་རལ་གྱིས་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་སྣ་སྐོར་ཐེངས་བཞི་བ་ཕྱིར་གཏོང་བར་ཁས་ལེན་མ་བྱས་པའི་རྗེས་ཀྱི་གནས་བབ་འགྱུར་ལྡོག་ཐག་གཅོད་བཟང་བོ་བྱེད་དགོས་པ་ནན་བཤད་བྱས།

ཀྲུའུ་ཏཱ་ཡིས་ཅོར་ཏན་ཕྱོགས་ཀྱི་ལངས་ཕྱོགས་ཏེ། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་གཏན་འཁེལ་བྱས་པའི་རྒྱལ་མཚམས་གཞིར་བཟུང་སྟེ། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པའི་བདག་དབང་ཡོད་ལ་སྒེར་ཚུགས་ལྡན་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་པ་བསྐྱར་སྒྲོག་བྱས།

སི་རི་ཡཱའི་ཉམས་ཉེན་གནད་དོན་གླེང་སྐབས། ཀྲུའུ་ཏཱ་དང་ཨ་ལཱ་པུས་གཉིས་ཀྱིས་དྲག་ཤུགས་མཚམས་བཞག་ཅིང་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། སི་རི་ཡཱ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ལཱ་པུས་ཀྱིས་བསྟན་དོན། ཅོར་ཏན་གྱིས་ས་གནས་གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། ས་ཁུལ་གྱི་གནས་བབ་ཐད་ནས་མུ་མཐུད་དུ་ཅོར་ཏན་དང་གྲོས་མོལ་བྱས་ཏེ་མཐུན་སྦྱོར་བྱེད་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག