མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་གྱི་འདེམ་བསྐོ་ཆེན་མོའི་འདེམ་ཤོག་འཕངས་ཚར་བ་དང་དམག་མི་དང་ཉེན་རྟོག་པ་འབུམ་བཞིས་ཐ་ལེ་པན་གྱིས་འཇབ་རྒོལ་བྱེད་པར་དོགས་ཟོན་བྱས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-06 10:18

4.jpg

ཟླ4བའི་ཚེས5ཉིན། ཨ་ཧྥུའུ་ཧན་གྱི་མཱ་ཀྲ་ལེ་ཧྲ་ལེ་ཧྥུའུ་ས་ཆའི་འདེམ་ཤོག་འཕེན་ས་ཞིག་གི་ཕྱི་རོལ་ནས། ཉེན་རྟོག་པས་འདེམ་ཤོག་འཕེན་པར་ཞུགས་པའི་འདེམ་དམངས་ལ་བདེ་འཇགས་ཞིབ་བཤེར་བྱེད་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོ་དེར་ས་དེའི་ཚེས་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ནས་བཟུང་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་བཞིའི་སྟེང་འདེམ་ཤོག་འཕངས་ཚར། ད་ལྟའི་ཙུང་ཐུང་ཁ་ཨར་ཀྲ་དབྱི་ཡིས་མུ་མཐུད་ཙུང་ཐུང་གི་འགན་ཁུར་བར་ཚོད་འཛིན་ཐེབས་པས་འདེམ་བསྐོ་ལ་ཞུགས་མ་ཐུབ་པ་དང་། དེས་ཨ་ཧྥུའུ་ཧན་གྱི་ཉིས་སྟོང་གཅིག་ལོའི་བསྐྱར་འཛུགས་ཚུན་གྱི་དབང་ཆ་བརྗེ་སྤོར་ཐེངས་དང་པོ་བྱེད་རྒྱུ་ཡིན་པ་མཚོན་ཡོད།

    ཨ་ཧྥུའུ་ཧན་དབང་འཛིན་ལས་ཁུངས་ཀྱིས་བཤད་པ་ལྟར་ན་བདེ་སྲུང་སྟོབས་ཤུགས་ཡོད་ཚད་བཀོལ་ནས་འདེམ་བསྐོའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་ཡིན་ཟེར། ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་དེ་སྔོན་མངོན་གསལ་སྒོས་དྲག་ཤུགས་བཀོལ་ནས་འདེམ་བསྐོ་ཆེན་མོར་བཀག་འགོག་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་དང་། འདས་པའི་གཟའ་འཁོར་གཉིས་ཀྱི་རིང་ལ། ཐ་ལེ་པན་གྱིས་རྒྱལ་ས་ཁ་པུར་ནས་བསྟུད་མར་འཇབ་རྒོལ་དོན་རྐྱེན་ལྔ་བཟོས།

    ཨ་ཧྥུའུ་ཧན་གྱི་མི་བྱེ་བ་གཉིས་དང་ས་ཡ་བརྒྱད་ཀྱི་ཁྲོད་དུ་ཕལ་ཆེར་མི་བྱེ་བ་གཅིག་ས་ཡ་གསུམ་འབུམ་ལྔ་ལ་འདེམ་ཤོག་འཕེན་པའི་དབང་ཆ་ཡོད་པ་དང་། ཁོ་ཚོས་ཉིན་གཅིག་གི་ནང་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་སྟོང་དྲུག་དང་སུམ་བརྒྱ་ལྷག་ནས་རང་གི་འདེམ་ཤོག་འཕངས།

    སྐབས་འདིའི་འདེམ་བསྐོ་ཆེན་མོར་བསྡོམས་པས་ཙུང་ཐུང་གི་འདེམ་སྒུག་པ་བརྒྱད་ཡོད་པ་དང་། དེའི་ནང་དུ་མི་གསུམ་ལ་རེ་བ་ཧ་ཅང་ཆེ་སྟེ། ཁོ་ཚོ་ནི་ངོ་རྒོལ་ཏང་གི་གཙོ་འཛིན་ཨ་པུའུ་ཏུའུ་ལ་དང་། སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་ཨ་ཧྲི་ལ་ཧྥུའུ•ཅ་ཉི། སྔོན་ཆད་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལེ་མའེ•ལ་སུའུ་ཨར་བཅས་རེད།

    ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཐེངས་འདིའི་འདེམ་བསྐོའི་མཇུག་འབྲས་ལ་བཤད་ཚུལ་སྣ་ཚོགས་ཡོད་ནའང་། རིགས་རྒྱུད་ཀྱི་རྒྱུ་རྐྱེན་གྱིས་འདེམ་བསྐོའི་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྲིད་པས། སུ་ཞིག་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་ཚོད་དཔག་གསལ་བོ་བྱེད་མཁན་གྱི་ཆེད་མཁས་པ་ཕལ་ཆེར་གཅིག་ཀྱང་མེད་ཅེས་བཤད་ཆོག་ཟེར།

    ཚོད་དཔག་བྱས་ན་ཐོག་མའི་འདེམ་ཤོག་བརྩིས་པའི་མཇུག་འབྲས་དེ་ཟླ་བཞི་བའི་ཟླ་སྨད་ལ་ཤེས་ཐུབ་པ་དང་། མཇུག་མཐའི་འདེམ་ཤོག་བརྩིས་པའི་མཇུག་འབྲས་དེ་ཟླ་ལྔ་བའི་ཟླ་དཀྱིལ་ལ་ཁྱབ་སྒྲོག་བྱེད་སྲིད་ཟེར། འདེམ་ཤོག་བརྩི་བའི་དུས་ཚོད་རིང་བའི་རྒྱུ་རྐྱེན་ནི་ཨ་ཧྥུའུ་ཧན་གྱི་ས་ཆ་མང་བོ་རི་ཁུལ་དུ་ཡོད་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བས། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བོང་བུ་སྟོང་གསུམ་ཙམ་བཀོལ་ཏེ་མཐའ་འཁོབ་ས་ཁུལ་ཁ་ཤས་ནས་འདེམ་ཤོག་གི་སྒམ་སྐྱེལ་དགོས་པ་དེ་རེད།

    གལ་ཏེ་ཚེས་ལྔ་ཉིན་གྱི་འདེམ་བསྐོའི་ཁྲོད་ནས་མི་སུ་ལ་ཡང་འདེམ་ཤོག་བརྒྱ་ཆའི་ལྔ་བཅུའི་ཡན་མ་ཐོབ་ན། འདེམ་ཤོག་གི་གྲངས་ཀ་ཆེས་མང་བའི་མི་གཉིས་ཀྱིས་ཟླ་ལྔ་བའི་ཟླ་སྨད་ལ་འགྲན་རྩོད་ཐེངས་གཉིས་པ་བྱེད་དགོས།

    ཉིས་སྟོང་གཅིག་ལོའི་ཟླ་བཅུ་བར། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དམག་འཁྲུག་བསླངས་ཏེ་ཐ་ལེ་པན་སྲིད་དབང་རྩ་རྫོགས་བྱས་རྗེས། ཨ་ཧྥུའུ་ཧན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་འཛིན་འོག་ཆབ་སྲིད་བསྐྱར་འཛུགས་བྱེད་མགོ་བརྩམས་པ་མ་ཟད། ཉིས་སྟོང་བཞི་ལོར་ཐོག་དང་པོའི་ཐད་ཀར་གྱི་ཙུང་ཐུང་འདེམ་བསྐོ་སྤེལ་བ་དང་། ཁ་ཨར་ཀྲ་དབྱི་མི་དམངས་ཀྱིས་བདམས་པའི་ཙུང་ཐུང་ཐོག་མར་གྱུར། ཁ་ཨར་ཀྲ་དབྱི་ཡིས་ད་བར་དུ་བསྟུད་མར་སྐབས་གཉིས་ལ་ཙུང་ཐུང་གི་འགན་ཁུར་བ་དང་། རྩ་ཁྲིམས་ཀྱི་གཏན་ཁེལ་ལྟར་ན་བསྐྱར་དུ་ཙུང་ཐུང་གི་འགན་ཁུར་མི་ཆོག་པས། ཐེངས་འདིའི་འདེམ་བསྐོ་དེ་ཨ་ཧྥུའུ་ཧན་གྱི་ཉིས་སྟོང་གཅིག་ལོའི་བསྐྱར་འཛུགས་ཚུན་གྱི་དབང་ཆ་བརྗེ་སྤོར་ཐོག་མར་གྱུར།

    བྱང་ཆིངས་ཀྱི་བཅའ་སྡོད་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཨ་ཧྥུའུ་ཧན་ཐ་ལེ་པན་རྩ་འཛུགས་ཀྱི་འཇིགས་སྣང་ཡང་བསྐྱར་འབྱུང་སྲིད་པ། ཨ་ཧྥུའུ་ཧན་རྒྱལ་ནང་གི་སྟོབས་ཤུགས་སོ་སོའི་འགྲན་རྩོད་ཇེ་ཆེར་འགྲོ་བ་བཅས་ཀྱི་རྒྱབ་ལྗོངས་འོག་ཏུ། ཐེངས་འདིའི་འདེམ་བསྐོ་ཆེན་མོར་ཨ་ཧྥུའུ་ཧན་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་སོ་སོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།

    རྒྱལ་ཡོངས་ནས་ཙུང་ཐུང་འདེམ་བསྐོར་འདེམ་ཤོག་འཕེན་སྐབས་བདེ་འཇགས་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་མ་བྱུང་མོད། ཡིན་ནའང་ཨ་ཧྥུའུ་ཧན་དབུས་ཕྱོགས་ཀྱི་ཞིང་ཆེན་ལུའུ་ཀི་ཨར་གྱི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། ས་དེའི་དུས་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ། འགད་རྫས་སྟབས་བདེ་ཞིག་འདེམ་ཤོག་འཕེན་སར་བཀོལ་བའི་སློབ་གྲྭ་ཞིག་གི་ཉེ་འདབས་ནས་འགས་གཏོར་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཟེར།

    ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁཱ་ལ་ཐི་ནས་ཀྱང་ཉེན་རྟོག་པ་གཉིས་འདེམ་ཤོག་འཕེན་ས་ནས་ཕྱིར་འགྲོ་སྐབས་ལམ་འགྲམ་དུ་སྦས་པའི་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་དང་། མི་གཞན་པ་གཉིས་ལ་རྨས་ཕོག དེ་དང་མཉམ་དུ་ཅ་ཙི་ཉི་ཞིང་ཆེན་གྱི་ཅ་ཙི་ཉི་གྲོང་ཁྱེར་འདབས་རོལ་ལ་མེ་ཤུགས་འཕུར་མདའ་གསུམ་གྱི་འཇབ་རྒོལ་ཐེབས་མོད། ཡིན་ནའང་མི་སྣར་ཤི་རྨས་བྱུང་མེད།

    གཞན་ཡང་སུའེ་ཏེན་གྱི་གསར་འགོད་པ་ཞིག་དང་ཧྥ་རན་སིའི་གསར་འགྱུར་ཁང་གི་གསར་འགོད་པ་ཞིག་ལ་འདེམ་བསྐོའི་འགྲན་རྩོད་བྱ་འགུལ་གྱི་སྐབས་སུ་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་རྗེས། འཇར་མན་གྱི་མིང་དུ་གྲགས་པའི་བུད་མེད་གསར་འགོད་པ་ཉི་ཏི་ལིན་ཧའོ་སི་ཟེར་བ་དེར་ཡང་ཚེས་བཞི་ཉིན་ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་མེ་མདའ་ཕོག་སྟེ་རྐྱེན་ལམ་དུ་ཤོར།

    ཚེས་ལྔ་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པུར་གྱི་འདེམ་ཤོག་འཕེན་ས་ཞིག་ནས། འདེམ་དམངས་སྟོང་ཕྲག་གིས་ཐ་ལེ་པན་གྱི་འཇིགས་སྣང་བསླངས་པར་མ་འཛེམས་པར་གྲལ་སྟར་བསྒྲིགས་ནས་འདེམ་ཤོག་འཕངས།

    ད་ལོར་ལོ་ཞེ་བརྒྱད་ལ་བུད་པའི་བུད་མེད་ནཱ་ཡ་ཆི་ཡིས་ཧྥ་རན་སིའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ང་རང་ཐ་ལེ་པན་གྱིས་འཇིགས་སྣང་བསླངས་པར་མི་སྐྲག ངས་རང་གི་འདེམ་ཤོག་འཕངས་ཏེ་ཐ་ལེ་པན་ལ་ངོ་རྒོལ་བྱས་པ་ཡིན་ཟེར། འདེམ་དམངས་ལཱ་མ་ཙན་གྱིས་བཤད་རྒྱུར། ང་འདིར་འདེམ་ཤོག་འཕེན་དུ་ཡོང་བ་ཡིན་ལ། འཇབ་རྒོལ་གང་རུང་ལ་ཡང་མི་སྐྲག འདི་ནི་ངའི་དབང་ཆ་ཡིན་པས་སུས་ཀྱང་བཀག་འགོག་བྱས་མི་ཆོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག